R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༡
[A:༦༤༡]འདོམས་དང༌། ཉིན་གཉིས་རྗེ་ཉིད་ཀྱང་སྒྲིག་གྲས་མིན་པས། ནམ་ལངས་ལ་ནང་སོ་སོགས་བརྒྱུད་གོང་གི་རྣམ་རྒྱལ་སྒྲུབ་མཆོད་ཇི་འགྲོ་དང༌། བཀའ་ཆོས་རན་པ་དང་བསྟུན་གསང་སྒོ་ནས་ཕེབས། བཀའ་ཆོས་དང་འབུལ་བཞེས་རྣམས་གྲུབ་ནས་རྗེ་ཉིད་ཀྱིས་སྒྲུབ་མཆོད་འཕྲོ་དང༌། འཇམ་མགོན་སྐུ་མཆེད་གཞི་ཐོག་ཏུ་ཕེབས། བཀའ་དབང་རན་པ་དང་ཕེབས་བརྡ་བཅས་འཆི་མེད་ཡང་རྩེར་བྱོན། ཉིན་གསུམ་པར་སྒྲིག་གྲས་མཛད་པ་དེ་བས་ནང་བཞིན་བཞུགས་ཁྲིའི་གཡས་སུ་ཕེབས་ཤིང༌། བཀའ་ཆོས་སྩོལ་བ་པོས། ཐམས་ཅད་མཁྱེན་པའི་གསུང་རབ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །གསུང་པ་དང༌། མདོ་ཀླག་པ་སོགས། མཎྜལ་གྱི་ཚེ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་རྒྱལ་སྲས་སེམས་དཔའི་དབང་ཕྱུག་དམ་པའི་དྲུང་དུ། ཐེག་པ་ཆེན་པོའི་དམ་པའི་ཆོས་ཟབ་མོ་ཞུ་བའི་ཡོན་དུ་སོགས་དང༌། གདུང་བརྒྱུད་ལས་སྔར་དབང་གསན་ཕྱིན། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སོགས། ལུགས་འདི་ནི་ཞུ་འབུལ་ཕྱག་བཙོ་བརྒྱད་ཀྱི་ཚེའང་དབང་མ་ཐོབ་པའི་ཚོགས་དཔོན་ལ། མ་ཚང་བ་མེད་པ་འདི་ཉིད་བཤེས་གཉེན་དམ་པ་ཁྱེད་ལ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཞུ་བའི་ཡོན་དུ། ཞེས་སོགས་དང༌། དབང་ཐོབ་ནས་དུས་གསུམ་སངས་རྒྱས་སོགས་གསུངས་དགོས་པའི་རྒྱུ་མཚན་བཞིན་མཛད་བཀའ་ཆོས་གནང་ནས་ཆོས་སྤྱོད་གཏོང་རིང་འབུལ་བ་རྣམས་གྲལ་གྱི་སྐུ་རྒྱབ་དང༌། གཡོན་སྐུ་མདུན་རྣམས་བསྐོར། རྡོ་སྐས་ཤར་མ་བརྒྱུད་བཞུགས་ཁྲིའི་གཡོན་ནས་སྐུ་མདུན་དུ་སླེབ་པ་དང༌། མཛོད་འཛིན་བཞུགས་ཁྲིའི་ལྷོ་ནུབ་ཏུ་བཞེངས་ཏེ་འབུལ་ཐོ་གཤེར་ནས་གསང་སྒོ་ལ་དྲངས། དེ་ནས་འཕྲོ་རྣམས་ལ་གཞོལ་བར་མཛད། ཉིན་གསུམ་པ་བཀྲ་ཤིས་མངའ་གསོལ་གྱི་ཚེ། གཞི་ཐོག་ཏུ་མཁན་ཕྱག་གཉེར་བརྒྱ་ལས་བན་ཚང༌། བདེ་གླིང་དབུ་ཆོས། ཚོགས་ཆེན་དབུ་ཆོས། གླིང་དཔོན་