R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༤
[A:༦༤༤]དུ་མའི་བར་དུ་བྱུང་ཞིང༌། ལེགས་འབུལ་དགའ་སྟོན་ཞག་ལྔ་མ་གཏང་རག་སོགས་ལ་ཐུགས་གཞོལ་བར་གྱུར་ཏོ། །ཞེས་སྔར་སྲོལ་བཟང་པོ་མི་ཉམས་ཤིང༌། ད་སྲོལ་བཟང་པོ་རྗེ་རྒྱས་སུ་མཛད་པའི་རྣམ་གཞག་རྒྱས་པ་ནི། དེ་སྐབས་མཛད་པའི་རྗེ་ཉིད་ཀྱི་ཟིན་བྲིས་སོ་སོར་བཀྲམ་པ་རྣམས་བཞིན་ཏེ་འདིར་ནི་མཚོན་པ་ཙམ་མོ། །ཆོས་ཁྲི་རིན་པོ་ཆེ་འདི་ཉིད་དུ་སྔོན་བྱོན་གོང་མ་རྣམས་རིམ་ཕེབས་དང༌། ས་ལོ་དགུང་སྙིང་ཤིང་སྦྲུལ་བཅུ་གཉིས་སུ་ཕེབས་པ་མི་འབྲུག་ལོར་ཁྲིར་འཁོད། སྔགས་འཆང་ཆེན་པོ་དགུང་སྙིང་མེ་གླང་དགུར་བྱོན་པ་ཤིང་བྱར་ཁྲིར་ཕེབས། བསོད་ནམས་དབང་པོ་དགུང་སྙིང་ས་ལུག་བཅུ་གཉིས་སུ་བྱོན་པ་ལྕགས་རྟར་ཁྲིར་ཕེབས། སྒར་ཆེན་ས་བྱི་བཅུ་གསུམ་དུ་བྱོན་པ་ལྕགས་བྱི་ལོར་ཁྲིར་ཕེབས། བསོད་ནམས་དབང་ཕྱུག་ས་སྟག་བཅུ་བཞིར་བྱོན་པ་ལྕགས་ཡོས་ལོར་ཁྲི་ཕེབས། མངྒའི་མཚན་ཅན་མེ་སྤྲེའུ་བཅུ་གསུམ་དུ་བྱོན་པ་ས་སྤྲེར་ཁྲིར་ཕེབས། བསོད་ནམས་རིན་ཆེན་ཤིང་བྱ་བཅུ་གཉིས་པ་མེ་སྤྲེའུ་ལོར་ཁྲིར་ཕེབས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ས་བྱ་བཅུ་གཉིས་སུ་བྱོན་པ་ལྕགས་སྤྲེལ་ཁྲིར་ཕེབས། འཇམ་མགོན་དབང་སྡུད་སྙིང་པོ་འདི་ཉིད་ཆུ་ལུག་བཅོ་ལྔར་བྱོན་པ་མེ་བྱ་ལོར་ཁྲིར་ཕེབས་པ་བཅས། ས་ལོ་དང་སྔགས་འཆང་སྐུ་རྐྱང༌། བསོད་ནམས་དབང་པོ་སྐུ་མཆེད་གཉིས། སྒར་ཆེན་སྐུ་མཆེད་གསུམ། བསོད་ནམས་དབང་ཕྱུག །མངྒའི་མཚན་ཅན། ཡབ་རྗེ་བསོད་ནམས་རིན་ཆེན་རྣམས་སྐུ་རྐྱང༌། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མཆེད། འཇམ་མགོན་མི་སྲིད་བཟུང་བ་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་བཅས་ལས། ཡབ་ཀྱིས་མངའ་གསོལ་མཛད་པ་བསོད་ནམས་དབང་པོ་ནས་མངྒའི་མཚན་ཅན་བར་དང༌། ཡབ་རྗེ་བསོད་ནམས་རིན་ཆེན་ལ་དགེ་འདུན་ཚོགས་ཆེན་ནས་ཤིས་བརྗོད། དེ་ནས་སོ་སོར་ཡབ་ཀྱིས་མཛད་པ་བཅས། སྔར་སྲོལ་