R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༥
[A:༦༤༥]ལ་གསུང་བསྔོའི་མཇུག་གི་བཀྲ་ཤིས་མང་དུ་གསུངས་མཐར་མཛད་པ་འདྲ་མོ་རྣམ་ཐར་ཕལ་ཆེར་ན་མཆིས། རྗེ་རྡོ་རྗེ་འཆང་སྐུ་མཆེད་ལ་ནི། སྣ་བདུན། རྫས་བརྒྱད་གནང་ཞིང༌། སོ་སོའི་གཞུང་གསུངས་མཐར་ཤིས་བརྗོད་མང་པོ་གདངས་དང་བཅས་མེ་ཏོག་འཐོར་བར་མཛད་ཅིང༌། གང་ལྟར་རྗེ་ཉིད་ཀྱི་ཆོས་ཁྲི་མཁས་པ་ཟིལ་གནོན་འདི་ཉིད་ལ་ཞབས་ཏོག་ཚར་ཕྱིན་ངོ་མཚར་ཅན་དང༌། དེའི་ཤར་ཕྱོགས་ཀྱི་དར་ཆེན་བཀོད་ལེགས། ཁྲོ་ཁང་ཁྲོ་ཆེན་ལས་དཀར་གཡའ། འཆམས་སྐུ་དྲེགས་པ་ཟིལ་གནོན་ལྕམ་དྲལ། ལས་མཁན་ཞལ་འབག་གསར་བསྐྲུན་དེ་དག་ཐམས་ཅད་ཀྱི་སྔ་ཕྱི་བར་གསུམ་གྱི་དེབས་དང༌། ཐོག་ཞི་གསར་བསྒྲིགས་སོགས་བླ་མ་གོང་མ་རྣམས་ཀྱི་དགོངས་ཟབ་རྫོགས་ཕྱིར་དང༌། སླད་ཀྱིས་སྤྱན་ལྟོས་བཟང་པོ་འབྱུང་བར་འགྱུར་བ་སོགས་ཐུགས་བསྐྱེད་བླ་ན་མེད་པས་དུས་འདའ་བར་མཛད་ཅིང༌། དེ་ནས་རིགས་སྲས་དམ་པ་ཞལ་རྣམ་པ་གཉིས་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་གེགས་མེད་དུ་འགྲུབ་ནས། རྟ་ཟླའི་ཉི་ཤུ་སྐོར་ལ་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་སོགས་སྐུ་རིམ་རྒྱ་ཆེར་མཛད་མུའི་ཉེར་གཉིས་ལ་རྒྱལ་ཚབ་དེ་མོ་གོང་མ་རིན་པོ་ཆེ་དང༌། ཉེར་དགུར་རྒྱལ་ཡུམ་བསྐལ་བཟང་བདེ་སྐྱིད་བུ་འཁྲིད་ཞི་བར་གཤེགས་པས། ཡབ་སྲས་ཞལ་རྒྱས་ནས་ཡུམ་མཆོག་དེ་ཉིད་ཀྱི་དགོངས་རྫོགས་སྤྱི་དང་བྱེ་བྲག་བཀའ་དྲིན་ཆེ་བ་དང༌། གཞན་ལའང་བཀའ་འདོམས་བཅས་ཡང་དག་པར་མཛད་དེ། སྐུ་གསུང་ཐུགས་ཀྱི་ནང་རྟེན་རྣམས་བླ་བྲང་ཤར་དུ་བཞུགས་སུ་གསོལ་བ་དང༌། རྩེ་གདོང་ཕྱོགས་སུའང་དགེ་རྒྱུན་རྒྱ་ཆེར་འཛུགས་པར་མཛད། དབོ་ཟླའི་བཅུ་གཉིས་ནས་བཟུང་སྟེའང་ཡབ་སྲས་ཞལ་རྒྱལ་ནས། དེ་མོ་གོང་མ་མཆོག་གི་དགོངས་རྫོགས་སུ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་དགུང་ཞག་བཟུང་སྐབས་རྟེན་གྱི་གཙོ་བོར་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞལ་ཐང་མཁན་པོ་ཞང་གསུམ་ཐོག་