R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༢
[A:༦༥༢]དག་སྣང་རྒྱུད་བསྐུལ་འདྲ་མོ་སྐྱེས་ཏེ་དཔལ་ས་སྐྱ་པའི་མཛོད་ནག་ཏུ་འཇོག་རྒྱུའི་གསེར་རྡོ་ཚད་དང་ཚོན་སྣ་ལྔའི་འདོགས་བཅས་དང༌། དངུལ་རྡོ་ཚད་རྟ་རྨིག་མར་གྲགས་པ་བརྒྱ་ཐམ་པ་ཚེས་༦ཉིན་རྣམ་སྲས་མཐིང་གའི་རྗེས་གནང་བྱེད་སྐབས་བསྐྱལ་ཞིང༌། ཚེས་༧ཀྱི་གར་མཁན་མཆོག་ལྗང་གུའི་རྗེས་གནང་ཉིན་གོང་གི་དགེ་སློང་དེས་ཐོད་པ་མཚན་ལྡན་ནང་འབྲུ་དང་གླང་པོ་ཆེའི་ཤ ¿ །ཀླུ་སྨན། དྲི་བཟང༌། མེ་ཏོག་ཙམ་པ་ཀས་གང་བ་དང༌། ངོས་གསུམ་ལ་མཧེཉྩེ་བཟང་བ་རེ་བྱིན་བྱུང་ཞིང༌། ཚེས་༩ཀྱི་རྣམ་སྲས་ཡང་གསང་ལས་མཁན་མདུང་དམར་ཅན་གྱི་རྗེས་གནང་ཉིན། འབྲས་ལྗོངས་ས་མཐའ་རྒྱ་ལི་ཙ་བྱུ་རུ་ནས་གོརྵའི་བློན་པོ་ཛོ་ཥ་མོ་ལོ། །བདུར་པ་ཤི་པ་དྲ། པུ་པ་ཥ་ཏེ་བཅས་ཀྱིས་ཁོང་རང་གི་དོན་དག་ཡི་གེ་རྟེན་ཕྲན་བཅས་བསྐུར་བ་ནས་ཚིག་རིས་འདི་ལྟ་འདུག་སྟེ། དུས་གསུམ་སངས་རྒྱས་བོད་ཁམས་ས་སྟེང་གནམ་འོག་གི་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཁྱེད་ཀྱི་ཕྱག་ན་ཡོད་དོ། །བོད་ཁམས་ཀུན་གྱི་རྒྱལ་པོ་ལས་ལྷག་པ། ཉི་མ་ཟླ་བ་ལས་ལྷག་པ། ས་སྐྱ་བླ་མ་ཁྱེད་ཡིན་ནོ་ཟེར་བ་འདུག་པས། རྗེས་གནང་འདི་སྐབས་ཡོང་དོན་མེད་པའི་ཚིག་སྒྲ་ལ་ཉེ་བཟང་བ་དང༌། ཚོང་དཔོན་དོན་གྲུབ་དབང་རྒྱལ་ཟེར་བ་རོགས་སུ་འདུག་ཅིང༌། མི་སྣ་དམག་དཔོན་ཡིན་ཟེར་བ་དེའི་མིང༌། པ་ཐུམ་ཤི་ཥན་ཥ་མུ་ཥེ་ཟེར་པའི། མུ་ཥེ་དེ་ཚོ་མིང་ཡིན་ཟེར་བ། གྲྭ་པ་ཡིན་ཟེར་བའི་མི་སྐྱ་དཀྱུས་མིའི་ཆས་ཅན་དེའི་རུས་མིང་ལ། བན་པ་ན་དེ་དང༌། མིང་དངོས། རམ་བུ་ཏི་ཛ་ཤི་ཟེར་བ་གཉིས་ཀྱང་ངོས་འཕྲད་ཐོག་གང་ཅིའི་འཕྲོས་བཏང་བས། བླ་མ་ཁྱེད་དང་མཇལ་ནས་ལྟོགས་པའང་མེད། སྐོམ་པའང་མེད། སྡིག་སྒྲིབ་ཐམས་ཅད་ཀྱང་དག་སོང༌། བཀའ་གང་གནང་ཞུ། ཞེས་སྐད་གཉིས་པ་བོད་མི་གཏི་ཐོམ་མེ་བདེ་ནས་ཟེར་རོ། །ཞེས་གསུང་པ་བཞིན་དང༌། ཟླ་བ་དེའི་ཉེར་ལྔ་དཔལ་ལྡན་བླ་མ་དམ་པའི་དུས་ཆེན་མཁའ་འགྲོ་འདུ་བའི་ཚེས་ནས་དབུ་བཟུང་སྟེ། བདུན་ཕྲག་གཅིག་ལྷ་ཆེན་སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ཁྱམས་སྟོད་དུ། མཆོད་རྫས་གཟབས་མ་མ་ཚང་མེད་པར་འདུ་བགྱིས་ཏེ། འཇམ་མགོན་ཁྲི་ཕེབས་པ་མཆོག་གི་དབུ་གཡས། གཞུང་