R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༤
[A:༦༥༤]མའི་དགའ་སྟོན་མཁན། །ངོ་མཚར་ལྷུན་གྲུབ་མཚན་མ་ཆལ་ཆིལ་འཇོ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ང་གཅིག་ཏུ་ཕེབས་པ་ས་ཕག་རྒྱལ་ཟླའི་སྐེད་ཙམ་ནས་གྲོ་བཞིན་ཟླ་སྐེད་ཙམ་པར་རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་རྣམ་གསུམ་ཞལ་རྒྱས་ནས་ཕུན་གླིང་བཞུགས་གཡབ་ཏུ། བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེའི་གཞི་བསྙེན་ངོ་མཚར་གྱི་མཚན་མ་བཟང་པོ་དང་བཅས་མཛད་སྐབས་རྗེ་རྡོ་རྗེ་འཆང་ནས་བརྩེ་ཆེན་ལྷ་ཁང་དུ་ཞབས་བསྐོར་ཡོངས་བསྡོམས་ཉི་ཁྲི་ཆིག་སྟོང་བཞི་བརྒྱ་ཐམ་པ་དང༌། ཕྱག་འབུལ་སུམ་སྟོང་ཉིས་བརྒྱ་བཅུ་ཐམ་པ་གནང་དུས་དང༌། ཕུན་གླིང་དབང་ཁང་དུ་བཞུགས་དུས་བཅས་བརྩེ་ཆེན་སྙིང་པོའི་སྣང་བརྙན་དང་རྗེ་བཙུན་རིན་པོ་ཆེའི་སྣང་བརྙན་ཟུང་ཉིན་རེ་བཞིན་ཞལ་གཟིགས་ཚུལ་མི་འདྲ་བའི་གཟིགས་སྣང་མང་པོ་ཞིག་དང་ལྷག་པར་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ་ཉིད་མངོན་གསུམ་དུ་བྱོན་ནས་རྗེ་ཉིད་ལ་དགེས་ཉམས་ཀྱིས་བཞུགས་པ་ལ་རྗེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་རྗེ་བཙུན་རྣལ་འབྱོར་དབང་ཕྱུག་གི་ཐུགས་ཀར་འཕོ་ལ་ཁད་པའི་ཚེ། སྐུ་འཁྲིས་ཀྱི་འཇམ་མགོན་གཞོན་ནུའི་ཞལ་དཀྱིལ་སྐྱ་ཁྲོམ་གྱིས་གཟིགས་པས། གསུང་ངག་སློབ་བཤད་སོགས་གདམས་པ་རྒྱ་མཚོ་ད་ཀ་འབུལ་དགོས་དགོངས་ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མ་བསྐྱུད་ནས། རེ་ཞིག་དག་སྣང་དེ་འགག་པར་མཛད་པ་ཞིག་རྗེ་ཉིད་ལ་འཁྲུངས་ཤིང༌། འདི་ནི་ཀྱེ་རྡོར་གཞི་བསྙེན་ཐང་གསུམ་པའི་སྐབས་སོ། །ཁྲུམས་ཟླའི་ཚེས་བདུན་ནས་བཟུང༌། གང་གི་རིགས་སྲས་དམ་པ་འཇམ་མགོན་རྣམས་དང་གནས་གསར་རྡོ་རྗེ་འཆང་གི་མཆོག་སྤྲུལ། འཕན་ཡུལ་བཅོ་བརྒྱད་པ་གཟིམ་འོག་སྤྲུལ་སྐུ་རྣམས་ལ། ཚེ་དཔག་མེད་ཛེ་ཏཱ་རིའི་དབང༌། ཚེ་དཔག་མེད་དཀར་པོ། སྒྲོལ་དཀར། དབྱངས་ཅན་དཀར་མོའི་རྗེས་གནང་ལུང་བཅས་ཚར་ལུགས་དཀར་ལྷ་གསུམ། མི་གཡོ་བ་དཀར་སྔོན། སྨན་བླ། ཀླུ་དབང་ལྷ་ལྔ། གནས་བརྟན་བཅུ་དྲུག །འཇམ་དབྱངས་དམར་སེར། གང་བློ་མ། འཇམ་དཀར་མ་ཏི་ལུགས། འཇམ་དཀར་གསེར་གདུགས་ཅན། སྨྲ་སེང༌། འོད་ཟེར་ཅན། རྣམ་རྒྱལ། གཙུག་འབར། གཟའ་ཡུམ།