R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༠
[A:༦༦༠]ཟད་སེམས་ཅན་ངག་དིག་ཅན་དང༌། མིག་རྣ་བ། སྣ་སོགས་ནད་ཅན། རྨ་ཤུ་འཐོར་སོགས་ཀྱིས་གཙེས་པ་རྣམས་གཟིགས་ཚེ། ནད་པ་དེ་དྲག་གཞན་ཆེ་ཆུང་ཇི་ལྟར་ཡང་ཀུན་ལ་བཏང་སྙོམས་ཆེན་པོའི་སྒོ་ནས་ཁྱོད་རང་དབང་པོ་སོགས་ན་བ་དེ་དང་དེ་སྟོན་ཅིག་གསུངས་ཏེ་ལྗགས་སྔགས་མཛད་པའི་ཚེ། དེའི་གནས་དེར་ཞལ་མཆུས་རེག་ཀྱང་སྲིད་ཞི་མཉམ་གཟིགས་ཀྱི་བརྡར་གཙང་རྨེའི་ཐུགས་རྟོག་ཡེ་མི་གནང་བར། ཁོ་ལ་ཕན་ན་ང་ལ་རྟོག་པ་མེད། ཅེས་ཡང་ཡང་གསུངས། དབུལ་པོ་ངན་ངོན་ཅན་དག་གཟིགས་ཚེ་ང་ཁྲི་མཐོན་པོར་ཟས་གོས་གྱ་ནོམ་པར་ལོངས་སྤྱོད་པ་འདི་ལྟར་ན། ཁོ་སྙིང་རྗེ་གསུངས་ནས་ཟས་གོས་ཀྱིས་ཚིམས་པར་མཛད་པ་སོགས་འཕགས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་ན་མེད་པས་རྣམ་ཀུན་འདའ་བར་མཛད་པ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་ལས་གཞན་པའི་གཞན་དོན་རྗེས་ཆགས་ཀྱི་མཛད་པ་བེམ་པོར་སྟོན་རྒྱུ་ཅི་ཞིག་དགོས། གང་ལྟར་རྗེ་ཉིད་ཀྱི་བཀའ་བཞིན་འཇམ་མགོན་སྐུ་མཆེད་དང་རྗེ་བཙུན་དྲུང་བཅས་ནས་ཚ་རོང་པའི་གནས་ཁང་སྟེང་འོག་ལ་མེ་ཏོག་གི་ཆར་ཕབ། དེ་ནས་ལྷུན་རྩེ་མཁན་པོས་ཆིབས་བསུས་ཏེ་ལྷུན་རྩེར་ཕེབས་འཕྲལ་འདུས་ཚོགས་ནས་ཞབས་བརྟན་ཐོག་མཁན་རིན་པོ་ཆེས་མདོ་རྒྱུད་ཀྱི་ལུང་དང་འབྲེལ་བའི་ཞལ་བཞེས་ཞུས་པ་ནས་བཟུང༌། དགོན་སྡེ་ཕལ་ཆེར་དུ་དེ་བཞིན་བཅས། མཎྜལ་གྱིས་གཙོས་པའི་དངོས་འབུལ་གྱ་ནོམ་པ་དགྱེས་བཞེས་ཀྱིས། གནས་གཟིགས་དང༌། རྒྱ་མདུད་དུ་བཞུགས། དེ་ནས་གནས་ས་ལ་སྒང་པའི་འཁྲིས་སུ་བཞུགས་པའི་ཚེ་གཞིས་རྫོང་ཁང་བྲག་དང་སྣ་དཀར་བ་གཉིས་ནས་ཕེབས་བསུ་གྲ་སྒྲིག་ཡང་དག་དང༌། གངས་ཅན་གནས་གཟིགས་དུས་ལྷ་མོའི་བླ་མཚོ་ཡིན་ཟེར་བའི་རྫིང་ཀློང་དེར་མཚོ་རྫས་ཞུས་དོན་ཕྲན་བུའང་གནང་ཞིང༌། ཁོང་ཚོས་དཀར་སྤྲོ་དངོས་འབུལ་སོགས་ལེགས་ལམ་ཡང་དག་དང༌། གསོལ་དཔོན་ཆེན་མོའི་སྐུ་ཚབ་པ་དགེ་སློང་དེའི་དབུ་གཙུག་ཅུང་ཟད་འཕར་བ་ཞིག་ཡོད་པས། རྗེ་ཉིད་ནས་དགེ་སློང་གཙུག་ཏོར་ཅན། ཞེས་ཐུགས་མཉེས་