R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༡
[A:༦༦༡]ཉམས་དང་བཅས་ལྕགས་རིར་སྐྱེ་དགུ་མང་པོར་ཕྱག་དབང་བློ་ཁ་རྫོགས་པར་སྩལ་ནས། ཧ་ཅང་མི་རིང་བའི་སར་ངོར་ཁག་གི་དཔོན་གཡོག་རྣམས་ནས་ཆིབས་བསུས་སྣར་ཐང་དུ་ཕེབས་ཏེ་སྤྱི་སྒེར་གྱི་རེ་སྐོང་དང༌། སང་སྔ་ཆར་ཞལ་ངོ་གཞན་རྣམས་ནས་སྣར་ཐང་གནས་གཟིགས་མཛད་རྗེས་ཕེབས་ཏེ། བླ་བྲང་བཀྲ་ཤིས་ལྷུན་པོ་དང་ཉེ་བའི་ས་ནས་རྩེ་དྲུང་ལུང་པ་ཤར་པ་དང༌། ལ་མོ་ཆུ་སྐོར་བ་སོགས་བརྒྱད་ཙམ་ཞིག་དང༌། ཁ་ཆེ་ཚོང་དཔོན་ཡུལ་ལྷ་པ་སོགས་ནས་ཆིབས་བསུས། ཕོ་བྲང་གི་སྐུ་མདུན་དུ་ཕྱག་འབུལ་མཛད་དེ་གཞིས་རྩེས་བཞུགས་སྒར་ཐོག་ཆིབས་བསུ་བས་མཚོན། སྤྱི་སྒེར་ནས་མཇལ་ཕྱག་མང་བ་དང༌། སྐྱེ་བོ་ཁྲི་ཁྲག་དུ་མ་ལོངས་པར་དམངས་ཕྱག་གིས་མཚོན། གར་ཕེབས་ཀྱི་སར་ཏལ་མར་མཛད་པ་དང༌། སོ་སོས་ཆིབས་བསུ་སྐྱེལ། གསོལ་སྟོན་དངོས་འབུལ་སོགས་དང༌། མཆོག་གསུམ་རྟེན་གྱི་དྲུང་དུ་མཆོད་འབུལ་སྙན་ཤལ། སྤྱི་བྱེའི་བསྟན་པ་ཐུགས་བཅངས་ཀྱིས་བསྟན་དེ་འཛིན་བཅས་རྒྱས་པའི་ཐུགས་སྨོན། རབ་ཏུ་གནས་པའི་མེ་ཏོག་འཐོར་གནང༌། དགེ་འདུན་བསྙེན་བཀུར། ངན་སློང་སྦྱིན་གཏོང་སོགས་ནི་བརྗོད་ཀྱིས་མི་ལང་བས་མང་བས་འཇིགས་ཏེ་རྒྱས་པར་མ་སྤྲོས་ཤིང༌། རྗེ་ཉིད་ཀྱི་བཀའ་ལས། ད་ལོ་སྤྱི་སྒོས་ནས་སྔར་དང་མི་འདྲ་བའི་བདག་རྐྱེན་ཚང་མས་མཛད་བྱུང༌། ཞེས་གསུངས། དེ་སྐབས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནི་རྒྱ་ནག་ཏུ་ཆིབས་སྒྱུར་གྱི་དུས་དང༌། སྐུ་ཚབ་ལྡེ་ཕྱུང་པ་ནས་མཚམས་ཞུ་དང༌། བླ་བྲང་གཞུང་ནས་ཟུར་གསོས་གྱི་བདག་རྐྱེན་སྔར་ལམ་ལས་མི་འགོང་བར་སྩལ། གསེར་ཅན་དུ་སྤྱི་སྒེར་རེ་སྐོང་རྣམས་མཛད་རྗེས། ཕེབས་གྲུ་བདེ་མུར་རྩེ་གདོང་པའི་ཐབ་བསུ་དང་བཅས་སླེ་ཕུ་པའི་སྟེང་ཁང་དུ་བཞུགས་ཚེའང༌། གཙང་མདའ་པད་ཀྱིས་མཚོན་སྤྱི་སྒེར་མང་པོར་བྱིན་རླབས་ཀྱི་ཟིལ་དངར་ཕབ། དེ་ནས་རྩེ་གདོང་དུ་ཞག་བཅུ་གཉིས་སྐབས་ཆོས་སྡེ་དང་རིན་སྒད་དགེ་འདུན། རྩེ་སྤྲུལ་