R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༩
[A:༦༥༩]སྟབས་རྗེ་ཉིད་མ་ཕེབས། ཚེས་དགུའི་ཉིན་སྡོ་ར་དཔོན་སློབ་རྣམས་ལ་གང་ཅིའི་ཞིབ་གསུང་གྲོལ་བ་དང་ཆབས་གཅིག་སྲས་མོ་སྩལ་བའི་ལེགས་གསོའི་བདོག་པ་གྱ་ནོམ་པའང་བསྟར་བར་མཛད་དེ། ཚེས་བཅུ་གཅིག་ཉིན་རྗེ་རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ། རྗེ་བཙུན་དྲུང་འཆི་མེད་བསྟན་པའི་ཉི་མ། བདག་མོ་འཆི་མེད་དཔལ་འབྱོར་བཟང་མོ་སོགས་ཞལ་ངོ་རྣམས་དང༌། སྐུ་ཞང་ཆོས་ལུང་པ་དང་འགྲོ་མགོན་པ་རྣམ་གཉིས་མཛོད་འཛིན་གྱི་དབུས་དཔོན་གཡོག་སྐབས་སུ་བབ་པ་རྣམས་དང་བཅས་དབུས་ཕྱོགས་སུ་ཆིབས་བསྐྱོད་ཀྱི་སྒོ་དོད་པའི་ལོ་རྒྱུས་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ཞིང༌། འདིར་རགས་ཙམ་སྨོས་ན། བླ་བྲང་ཟམ་སྣེ་ནས་ཀི་སྒྲ་དར་གཡབ་དང༌། ལྷ་ཆེན་ལྕགས་རིའི་སྟེང་ནས་ཀི་སྒྲ་ཞྭ་གཡབ་སྐྱེལ་ཆང་བ་རྣམས་ནས་ཀི་སྒྲ་རྣམས་ལ་ཆིབས་ཁ་བསྒྱུར་ཙམ་མཛད། སྲོམ་རྫིང་ཁར་ཇ་ཞུས། གྲ་མ་ལུང་དུ་གསོལ་ཚ། ག་ར་བཀྲ་ཤིས་དར་རྒྱས་ཀྱི་དྲག་ཡུར་བཞུགས། སང་ཉིན་ཐོ་རེངས་ཞོང་པ་ལ་རྩེར་ལྷ་བསང་རྒྱས་པའི་སྐབས་ཁ་བ་ཅུང་ཟད་འཚུབས་ཤིང༌། དཔོན་སློབ་ཀུན་གྲང་ངར་འདར་ཞུམ་ཅན་དང༌། ལྷག་པར་རྗེ་ཉིད་སྙུན་ཚུལ་དེ་ལྟར་ལགས་ནའང་བདག་གཞན་བརྗེ་བའི་བྱང་སེམས་ཁོ་ནས་དུས་འདའ་བར་མཛད་པ་ནི་རྗེ་དེའི་ཁྱད་པར་གྱི་ཆོས་སོ། །དེ་ནས་དགོན་རྒྱས་དང་ཚ་རོང་དུ་བྱོན་འཕྲལ་དཀར་སྤྲོའི་དགའ་སྟོན་ལ་ལོངས་སྤྱད་ནས། བྱང་རིའི་ལྷ་ཁང་གནས་གཟིགས་ཐོག་སྐྱེ་དགུ་མཐའ་ཡས་པ་ཞིག་གི་གཙུག་ཏུ་ཕྱག་གསེར་གྱི་འཁོར་ལོ་ངལ་བསོ་མཛད་པ་ནས་བཟུང་ཡུལ་གྲུ་མཐའ་ལས་སུ་སྐྱེ་བོ་མཐའ་ཡས་པར་བྱིན་གྱིས་རློབ་པའི་ཚེ་རྗེ་ཉིད་ཀྱི་བསོད་ནམས་ཀྱི་མཐུས་སེམས་ཅན་ཐམས་ཅད་སྡིག་སྤོང་དགེ་ལ་གནས་པ་བྱང་ཆུབ་སེམས་དཔའི་ཐུགས་སྨོན་དང་བཅས་སྤྱན་ཕྱེད་བཙུམ་གྱིས་སྤྱན་ཆབ་འཁྲུགས་བཞིན་དུ་འཁོར་བ་པར་ངེས་འབྱུང་གཏིང་ནས་འཁྲུངས་པའི་མཛད་པ་ནི། ཀུན་དང་ཐུན་མོང་དུ་བདག་གིས་ཀྱང་རྟོགས་པ་དེ་ལྟར་ལགས། དེར་མ་