R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༥
[A:༦༦༥]རྟ་རྩལ་ངོམ་རྒྱུ་ཡིན་པས་ལྟོས་ཤིག་གསུངས་ནས། རྡོ་སྐས་རིང་མོ་དེ་ན་ཡར་ཆིབས་པའི་རྨིག་པས་རྡོ་ལ་འཐབས་པའི་མེ་སྟག་འཕྲོ་བཞིན་པ་དང་བཅས་ཕེབས་སྐབས་ཆིབས་པས་རྡོ་ལ་རྨིག་རྗེས་བཞག་པ་སོགས་ངོ་མཚར་མང་དུ་གླེང༌། ས་གའི་ཚེས་གཅིག་ལ་ཕེབས་ཕྱག །དེ་དག་གི་བར་སྐབས་སུ་གསེར་གདུང་གསར་རྙིང་གི་དྲུང་དུ་མཆོད་འབུལ་དང༌། མཆོད་སྤྱད་ངོ་མཚར་ཅན་ཡང་སྦྱོར་འཇགས་གནང༌། གཞན་ཡང་ཕྱི་ནང་གི་རྟེན་ཇི་སྙེད་པར་ཕྱག་མཆོད་བསྙེན་བཀུར་ཐུགས་སྨོན་གྱི་མཚམས་སྦྱོར། གོང་ས་མཆོག་གི་བཀའ་བཞིན་ཇོ་བོ་རིན་པོ་ཆེའི་སྐུ་མདུན་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་རྒྱས་པ་སྦྱིན་སྲེག་བཅས་དང༌། ལྷ་ས་བླ་བྲང༌། ར་མོ་ཆེ། ཀླུའི་ཕོ་བྲང་རྣམས་སུ་སེངྒེ་སྒྲ། ཆབ་ཀླུ། བསྟན་རྒྱས་གླིང་དུ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་སྒྲུབ་ཞག་གསུམ་པར་ཕྱི་བསྐོར་དུ་མེ་ཏོག་འཐོར་གནང༌། སེམས་དཔའ་རིན་པོ་ཆེས་ཞུས་ངོར་མཁའ་སྤྱོད་མའི་བྱིན་རླབས་ཀྱི་ཚེ་བདུད་རྩིར་བྃ་ཡིག་རང་བྱོན་དུ་འཁྲུངས། སྡེ་དགེའི་ལྕམ་ཟུང་སོགས་ལ་ལྕགས་སྡོང་མའི་ཚེ་དབང༌། གྲྭ་ཚང་ལ་གྲུབ་རྒྱལ་ཚེ་དབང་ལྗགས་ལུང་ཕོན་ཆེན། ལྕང་ལོ་ཅན་དུ་ཕུར་པའི་ཞི་བའི་སྦྱིན་སྲེག །མཁའ་སྤྱོད་མའི་བྱིན་རླབས། ཚེ་དབང༌། ཚོགས་བདག་དང༌། ཕྱག་རྡོར་དྲེགས་པ་ཀུན་འདུལ། སོ་འབྲང་རྗེས་གནང༌། སྐྱེ་བོ་ཁྲི་ཕྲག་དུ་མར་ཁྲོམ་དབང༌། གཞན་ཡང་གཞིས་སྡེ་རྨེ་རུ་སོགས་སུའང་ཁྲོམ་དབང་ཐོག་ཆེ་བཙན་ཕལ་ཆེར་ནང་དབང་གྲས་སུ་བཞུགས། ཕུར་ལྕོག་དང་སེམས་དཔའ་སྤྲུལ་སྐུ། རྗེ་དྲུང་ཨ་ཁུ་ལགས། སྐུ་བཅར་མཁན་པོ། བཀའི་དགུང་བློན་ཆུ་མིག །ཛ་སག །དགའ་བཞི་གུང་གི་སྲས། དྲུང་ཡིག་ཟུང༌། མཆོད་དཔོན། མགྲོན་གཉེར་བྱིངས་ལྟག །རྩ་གཉེར། ཆིབས་དཔོན། མདའ་དཔོན་གཡུ་ཐོག །སྒྲུམ་རྗེ། ཁྲི་ཆེན་གསོལ་དཔོན་སོགས་ཀྱིས་མཚོན་