R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༢
[A:༦༧༢]བཞུགས་རིང་ཡང༌། ཉིན་མཚན་ཁོར་མོ་ཡུག་ཏུ་བསྟན་འགྲོའི་ལེགས་སྤེལ་འབའ་ཞིག་གིས་དུས་འདའ་བར་མཛད་པ་ལས། གཙོ་ཆེ་བ་རྣམས་སྨོས་ན། སྐྱ་སེར་མང་པོར་དབུ་མ་ལུགས་ཀྱི་སེམས་བསྐྱེད། རྟ་མགྲིན་ཡང་གསང༌། ཁྲོམ་དབང་རྣམས་དང༌། ཕུར་དབང་རབ་གནས་ཐོག་ཕྱི་སྐོར་ལ་མེ་ཏོག་ཉིལ་བ། གཞན་ཡང་ཡོངས་འཛིན་དམ་པ་རྣམས་ལ་ཆོས་གསན་པ། འགའ་ཞིག་ལ་བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། ལམ་སྦས་བཤད། མཁའ་སྤྱོད་མའི་བྱིན་རླབས་དང༌། དེའི་འཁྲིད། དམར་པོ་སྐོར་གསུམ་གྱི་བེའུ་བུམ་ལུང༌། དེའི་རྗེས་གནང་སོགས་རྗེས་གནང་གྲངས་མང༌། ལྗགས་ལུང་ཡང་དེ་བཞིན། བཤད་སྒྲུབ་གླིང༌། སྐུ་གཉེར་གྲྭ་ཚང༌། བདེ་ཆེན་ཆོས་འཁོར་རྣམས་ལའང་ཞབས་ཀྱིས་བཅགས་པ། བསྟན་སྲུང་རྒྱ་མཚོར་རྒྱལ་བསྟན་རིན་པོ་ཆེ་སྤྱི་བྱེ་བྲག་རྒྱས་པའི་ཕྲིན་ལས་འཆོལ་བ། མདོར་ན་ཡ་མཐའ་བླ་མ་དགེ་བའི་བཤེས་གཉེན་ནས་མ་མཐའ་སྤྲང་པོའི་བར་གྱི་རེ་འདོད་སྐོང་བའི་དམ་བཅའ་ལས་གཡེལ་བ་ནམ་ཡང་རྗེ་དམ་པ་དེར་མི་མངའ་ཞིང༌། དེའི་ཚེ་སྣེ་ཤན་པ་དཔལ་ལྡན་བཀྲ་ཤིས་ལ་བྱིན་རྟེན་གྲངས་མང༌། བདོག་པའི་དངོས་པོ་གྱ་ནོམ་པ་བཅས་སྩལ་ནས་རང་གནས་སུ་མངགས། དེ་ནས་ཏ་ར་ཕུར་བཞུགས་དུས་བཤད་སྒྲུབ་གླིང་སྐུ་རྟེན་པར་སྐུ་ཕེབས་ཐོག་ད་བཟོད་མངོན་དུ་གྱུར་པའི་ལུང་བསྟན་ཡང་སྩལ། སང་ཉིན་ཏ་ཕུལ་རྩེར་སྣོད་བཅུད་སྤྱི་བྱེའི་བདེ་ཐབས་ལ་ཆེད་དུ་དགོངས་པའི་ལྷ་བསངས་དང་བཞུགས་ཚོང་ཁང་ད་མར། དེའི་སང་ནམ་ཕྱེད་ཙམ་ལ་ཕེབས་ལམ་ཤིན་ཏུ་རྩུབ་པར་ནམ་འོག་ཏུ་བྱོན་པས། རྒྱུས་ཡོད་རྣམས་ཀྱི་གླེང་མོར་རྒྱུན་དུ་ནི་མི་རེངས་ཡང་མི་ཐར་བ་ལྟ་བུར་མཆིས། ད་ལམ་དཔོན་གཡོག་ཀུན་ནམ་ཕྱེད་ཤེ་མུན་གྱི་དུས་སུ་བདེ་བར་ཕེབས་པ་ལས་གཞན་པའི་རྫུ་འཕྲུལ་ལྷག་ཏུ་མི་དགོས་འདྲ། ཞེས་སྒྲོགས་པར་གྱུར་པའང་དོན་གནས་ཀྱི་ཚིག་ཡིན་ལགས། དེ་ནས་སྒ་འདྲ་ཆུ་ཚན་དང་ཉེ་བར་རྗེ་ཉིད་ཕེབས་