R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༦
[A:༦༧༦]གཟིགས། རྣམ་སྲས་ལ་གསུང་བསྐང༌། སྐྱེ་བོ་ཁྲི་ཕྲག་དུ་མར་ཁྲོམ་དབང་སོགས་རྣམ་ཀུན་དོན་ཡོད་ཀྱི་མཛད་སྒོ་རྣམས་གྲུབ་ནས། སྨིན་ཟླའི་ཚེས་ལྔར་རམ་སེ་ལུང་དུ་བཞུགས། ཚེས་དྲུག་ལ་ཕུ་ཆེན་ལ་རྩེར་ལྷ་བསངས་དང༌། དེ་ནས་ཁམས་ཡུལ་དུ་གུར་དཀར་བསམ་གྲུབ་ཕོ་བྲང་ནང༌། ཆིབས་བསུ་བ་ལས་ཆེན་པ་ཟུང་གིས་ཐོག་དྲངས་ཕྱེད་གཉིས་བརྒྱ་བརྒལ་ཙམ་ལ་བྱིན་རླབས་ཀྱི་ཟིལ་དངར་ཕབ། དེ་ནས་ཨ་ཀྲོལ་ལ་རྩེར་ལྷ་བསངས་རྒྱས་པ་དང་བཅས་རིམ་ཕེབས་ཀྱིས། ཆུ་ཁ་མའི་སྟེང་དུ་འཆམས་མགོན་རྣམས་ལ་སྙན་ཤལ་སྒྲོན་པར་མཛད་དེ། སེར་ཕྲེང་དང་གཞས་སོགས་ཀྱིས་སྔུན་བསུས། གཞི་ཐོག་ཕོ་བྲང་དུ་བདེ་བར་ཕེབས་ཏེ་དགའ་སྟོན་གྱི་དཔལ་ལ་ལོངས་སྤྱོད་པར་མཛད་དོ། །དེའི་སང་ཚོམས་ཆེན་དུ་ལེགས་སྟོན་རྨད་དུ་བྱུང་བས་དུས་འདས་ཤིང༌། དེ་ནས་ཉིན་བཞི་མགོན་ཁང་རྣམས་ལ་གཏང་རག་དང༌། རྩེར་ལྷ་བསངས་རྒྱས་པ་དང་བཅས་གཟིམ་ཆུང་མགོན་ཁང་ཟུང་གི་གཏོར་འབུལ། དེ་ནས་རྒྱལ་དབང་མཆོག་ཏུ་འབུལ་རྒྱུའི་ཞལ་གྱི་འཁོར་ལོ་དང་ཆབས་གཅིག་འཇམ་མགོན་སྐུ་མཆེད་ལའང་འཁོར་ལོ་རེ་སྩོལ་བར་མཛད། མགོ་ཟླའི་ཚེས་བཞི་ལ་མཁན་རིན་པོ་ཆེ་གསར་པ་ཁྲི་ཕེབས་གནང་རྒྱུའི་གསུམ་གྱི་ཐོ་རེངས་འོད་གསལ་དུ། མཁན་གསར་སྦྱིན་པ་བཀྲ་ཤིས་དང་གཞི་ཐོག་རྩེར་མཇལ་བས། རྗེའི་གསུང་ལས། འོ་ད་ལམ་མཁན་གསར་ལ་བུ་ཆུང་བགྲེས་པས་ལེགས་སོ་གྱིས་གསུངས་འདི་གནང་བྱུང་གསུང་བ་དང༌། ཉིད་ཀྱི་སྐུ་ཧྲག་ནས་མེ་ལོང་ཞིག་གནང་བར། མཁན་གསར་ནས་འདི་ལ་ཚིགས་བཅད་ཞིག་རྩོམ་རོགས་ཞུ་གསུང་བར། རྗེ་རྡོ་རྗེ་འཆང་ནས། བདེ་གཤེགས་བསྟན་པའི་ལྷ་ལམ་རབ་ཡངས་པར། །ལུང་རྟོགས་ཚ་ཟེར་རྒྱས་པའི་དཔལ་ཡོན་ལས། །ཤེས་བྱའི་འདབ་རྒྱ་འཛུམ་པའི་ཟེའུ་འབྲུའི་བཅུད། །བློ་གསལ་བུང་བའི་སྦྲང་རྩི་དམ་པར་ཤོག །གསུང་བ་འདྲ་མོ་ཞིག་འཐོན་སོང་བས་མ་འོངས་པའི་རྟེན་འབྲེལ་ཞིག་ནི་ཅིས་ཀྱང་ཡིན་འདུག །ཅེས་གསུངས། ཟླ་བ་དེ་ནང་ནས་འཇམ་