R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༧
[A:༦༧༧]མགོན་དཔལ་ལྡན་ཆོས་སྐྱོང་འདི་ཉིད་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ལྗགས་བསྙེན་ལ་བཞུགས་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། དམ་པ་ཆོས་ཀྱི་ཆོལ་ཁའི་སྣོད་དང་བཅུད། །ཡངས་པའི་ཀློང་དུ་ཀུན་བཟང་ཐུགས་བསྐྱེད་ཀྱི། །ཆུ་འཛིན་འཁྲིགས་སོ་དགེ་མཚན་གསང་བ་ཡི། །བྱིན་རླབས་ཟིམ་ཆར་མི་ཉིལ་གདེང་ཅི་ཞིག །ཆོས་ཀུན་བསླུ་མེད་རྟེན་འབྲེལ་ཆེ་བ་ཡིས། །རང་རང་བདེ་སྐྱིད་ས་བོན་སྨིན་པའི་འབྲས། །ཉམས་དགའི་གླུ་གར་འཁྲོལ་བའི་གཟིགས་མོ་རུ། །སྟོན་གྱི་དཔལ་མོའི་ལང་ཚོ་ངོམས་བཞིན་རྒྱུད། །མཆོག་དམན་བར་གསུམ་མོས་གུས་བང་མཛོད་དུ། །འབྲེལ་ཚད་དོན་ལྡན་དཔྱིད་ཀྱིས་ཕྱུར་རོ་ཀྱེ། །འཕགས་ཆེན་སྙིང་སྟོབས་བརྩོན་འགྲུས་གཅེས་པའི་ནོར། །བདག་བཟུང་ནོར་བཟང་ཐུགས་བསྐྱེད་ལས་ཀྱང་བརྒལ། །གང་ཞིག་ཞབས་ཟུང་བསྐྱོད་པས་ནོར་འཛིན་སྟེང༌། །བདེ་སྐྱིད་སྣུམ་པོའི་མེ་ཏོག་དགོད་བྱེད་ན། །རླབས་ཆེན་སྤྱོད་པའི་ཟེར་ཕྲེང་གཡོས་པའི་མོད། །ལེགས་སྤེལ་བསྟན་འགྲོའི་འདབ་སྟོང་ཅིས་མི་གྲོལ། །སླར་ཡང་རིགས་ལྔའི་ཕོ་བྲང་དགའ་བའི་ཚལ། །ངོ་མཚར་གཡུར་དུ་ཟ་བའི་ཆོ་ག་ནི། །ལྷུན་གྲུབ་ཕྲིན་ལས་ཚད་མེད་བླ་མ་རྗེ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་ཅན། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ང་གསུམ་དུ་བྱོན་པ་ལྕགས་གླང་རྒྱལ་ཟླའི་ནང༌། རྩོད་དུས་འགྲོ་བ་རྒྱལ་སྲས་གཞན་གྱིས་འདུལ་ཞིང་དུ་མ་འཚལ་བའི་མགོན་མེད་ཡལ་བོར་རྣམས་ལ་ལྷག་པར་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། དཔག་དཀའི་ཐུགས་བསྐྱེད་སྨོན་ལམ་བཞིན་ཐུགས་བརྩོན་ཆེན་པོས་མྱུར་དུ་མངོན་པར་མཛད་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང༌། རྒྱལ་སྲས་ཐུ་བོ་དཔལ་ཕྱག་ན་རྡོ་རྗེ། རྒྱལ་བའི་ཉེ་གནས་འཕགས་པ་ཀུན་དགའ་བོ། བསིལ་ལྗོངས་མགོན་གཅིག་པདྨ་འབྱུང་གནས། ལོ་ཆེན་འཇིག་རྟེན་མིག་གྱུར་བཻ་རོ་ཙ་ན། གྲུབ་རིགས་ཀུན་གྱི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ། ཤེས་བྱ་ཀུན་གཟིགས་ས་སྐྱ་པཎྜི་ཏ། སྔགས་འཆང་བདུད་ཀྱི་སྟོབས་