R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༠
[A:༦༨༠]བཀའ་འདོམས་ཀྱིས་བརྒྱན་ཏེ་ཕ་དྲུག་ཏུ་མངགས། གུང་འདི་པས་ཁོང་མིང་ཞུས་དུས་བུ་འབྱུང་བར་ཐག་གཅོད་མཛད་པ་བཞིན་བྱུང་བའི་མཛད་པ་ངོ་མཚར་བ་ཡང་ཡོད་ཅིང༌། དེ་ནས་ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས་ཀྱི་དགོངས་རྫོགས་ཐུབ་དབང་གནས་བརྟན་བཅུ་དྲུག་སྦྱིན་བདག་ཧྭ་ཤང་རྒྱལ་ཆེན་བཞི་དང་བཅས་པར་འདོད་གསོལ་ཞུས་དོན་བཞིན་ཁའུའི་སྨན་ཆབ་ནས་སྩལ། རིམ་གྱིས་དམ་ཡེ་དབྱེར་མེད་ཀྱི་ཆོ་ག་བསྒྲུབས་ཏེ། ཤབ་སྒོ་ལྔའི་ཡ་གྱལ་ཌ་ཞེས་ཐབས་དང་ཌི་ཞེས་ཤེས་རབ་མཚོན་པའི་དགོན་གནས་སུ་བཞུགས་སུ་གསོལ་བའི་བཀའ་གྲོལ། དེ་མཚམས་ནས་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་རྒྱལ་སྲས་བྱང་སེམས་ཆེན་པོའི་རྣམ་ཐར་ལྷུར་བཞེས་གཡེལ་མེད་ནས། སྔ་སོར་བུད་མེད་སེམས་མ་དཔའ་མོ་ཟེར་བ་ཞིག་གིས་བདག་འཆི་བདག་གི་ཞགས་པས་ཟིན་པའི་ཚེ་ཉིད་ཀྱི་ཐུགས་རྗེས་ཟུངས་ཤིག་པའི་གསོལ་བཏབ་བཞིན། དེ་ཉིད་ལྔ་ལམ་དུ་སོང་བའི་གཡུ་བྱུར་སྤོས་ཤེལ་ལྷ་གོས་དྲི་མེད་སོགས་འབྱོར་བས། དེ་འཕྲལ་ལྷ་རྫས་ལ་དམིགས་ཡུལ་གྱིས་མཚོན་ལྔ་ལམ་པ་ཀུན་དལ་འབྱོར་གྱི་རྟེན་དང་མཇལ་བའི་འདོད་གསོལ་དང་བཅས་རྗེ་བཙུན་སྒྲོལ་མར་ཕུལ་ཏེ་ཐུགས་སྨོན་སོགས་འདི་འདྲའི་རིགས་སྔ་ཕྱི་ཀུན་ཏུ་མང་དུ་འབྱུང་བའང་འདིས་མཚོན་པར་བྱའོ། །དེའི་ཚེ་ལྷ་ཆེན་ཕུན་ཚོགས་གླིང་དུ་གཟིམ་ཆུང་སྨོན་གྲུབ་ཐར་རྩེ་སོགས་དང་ཁམས་པ་ཤག་སོགས་ཨར་ཟུག་སྐབས་ཡིན་པས། དེ་གྲས་ལ་ཕུ་གསུམ་ནས་བཙུན་མ་གཞོན་ནུ་ཞིག་མཆིས་པར། ཚེས་བཅུ་དགུའི་ཉིན་དྲེགས་བྱེད་ཞིག་གིས་བརླམས་ཚུལ་གྱིས་ཅལ་ཅོལ་མང་དུ་གླེང་བའི་དུས། ཐུགས་བསྐྱེད་བླ་ན་མེད་པས་གོང་མའི་བྱིན་སྣ་ཁྲུས་ཆུར་སྦྱར་བ་དང༌། ཟས་གོས་སོགས་གནང་ཞིང༌། ཅི་ཡིན་གྱི་རྒྱུ་མཚན་དང་བཅས་གསུང་ཤོག་ཞིག་སྩལ་ཡང་ངེས་གསལ་ནི་མ་བྱུང༌། ས་གའི་ཚེས་གཅིག་ནས་བཟུང་གོང་འཁོད་ཀྱི་ཞལ་སློབ་སོགས་སྐལ་ལྡན་བཅུ་ཕྲག་ལྔ་ལྷག་ཙམ་ལ། རྗེ་བཙུན་ས་