R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༡
[A:༦༨༡]སྐྱ་པའི་ཡབ་ཆོས་བླ་ན་མེད་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཟབ་མོ་སློབ་བཤད་ཀྱི་དགའ་སྟོན་སྩོལ་བར་མཛད་པ་ལ་རྗེ་ཉིད་ཀྱི་གསན་ཡིག་ནང་བཞིན་གྱི་ཉམས་ཁྲིད། བླ་མ་རྒྱ་བོད་ནས་བཟུང་ཉིད་ཀྱི་དབུ་བླའི་བར་གྱི་རྣམ་ཐར་པོད་དམར་སེར་ནག་གསུམ། ལམ་སྐོར་ཕྱི་མ་བརྒྱད་སོགས་ཆ་ལག་དང་བཅས་ཚང་མ། ཉེར་གསུམ་ཉིན་སེམས་བསྐྱེད་ཆེན་མོ། དེ་ནས་རིལ་སྒྲུབ་སྐབས་ལྗགས་བསྙེན་དང༌། སྣྲོན་ཟླ་ནས་འཕྲོ་འཐུད་ཀྱིས། བདག་ཆེན། སྔགས་འཆང༌། ངག་དབང་ཆོས་གྲགས། ཀླུ་སྒྲུབ་རྒྱ་མཚོ། ཨ་མེས་ཞབས་སོགས་ཀྱི་གསུང་ངག་སྐོར་རྣམས་དང༌། བར་མཚམས་སུ་གཟུངས་གྲ་ལྔ་སོགས་དབང་ཆེན་འགའ་ཞིག །རྗེ་ཉིད་ཀྱི་ལྗགས་བསྒྲིགས་དེའི་དབང་ཆོག ཡང་དབང་ཆོག་བདེ་དགའ་རྒྱ་མཚོ་དང་ལྷན་ཐབས་བཅས་ཀྱི་ལུང་དང༌། འགའ་ཞིག་ལ་འདོད་འཇོའི་བུམ་བཟང་ནང་གི་རྟ་མགྲིན། དྲག་མཐིང་དྲེགས་འདུལ། བསྟན་མ་རྣམས་ལུང་བཅས་དང༌། ཚེ་དབང་མདའ་འཕེལ་སོགས་སྩལ་ཏོ། །གསུང་ངག་གི་ཚེ་གྲོ་བཞིན་བཅུ་བཞིའི་ཐོ་རེངས་རྗེ་ཉིད་ལ་ངོར་ཆེན་རྡོ་རྗེ་འཆང་གི་ཞལ་གཟིགས་ཏེ་ཞལ་སློབ་ཀ་བཞི་གདུང་བརྒྱད་སོགས་འབྱུང་བར་ལུང་བསྟན་དང་བཅས་དབུགས་དབྱུང་གཟེངས་བསྟོད་མཛད་པ་དང༌། རྗེ་ཉིད་ཀྱི་གསུང་ལས་ཀྱང༌། ཚར་ཆེན་ཡབ་སྲས་གཉིས་ད་ལྟ་དཔོན་སློབ་འདི་ཁྲོད་ན་ཡོད། ཅེས་ལུང་བསྟན་པ་དང༌། བདག་མེད་ལྷ་མོ་བཅོ་ལྔའི་ཚེ་ནང་མཆོད་འཁོལ་ཞྀིང་ཕྱོགས་བརྒྱར་ལུད་ནས་ལག་མི་ཚུགས་པ་ལྟར་ཚ་དབལ་དང་བཅས་ཀུན་གྱི་མཐུན་སྣང་དུ་མཛད་པ་དང༌། བིར་བསྲུང་ཕྱི་ནང་གནང་བའི་ཚེ་གདན་སའི་རྩིས་བཟུང༌། སྐྱེ་རེ་བ། ཁང་གསར་མཆོད་དཔོན་སོགས་རྩིས་པ་རྣམས་མཐུན་གྲུབ་ཀྱིས་ཉི་འཛིན་ཡོང་བར་ཐག་བཅད་སྒོ་ཡིག་ཀྱང་སྦྱར་ཞིང༌། དོན་ལའང་བྱེད་གྲུབ་མཐུན་པར་རི་མོས་གཏན་ལ་ཕེབས་པའི་ཚེ། རྗེ་ཉིད་གྲུབ་མཚན་