R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༦
[A:༦༨༦]ཟླའི་ནང་རྒྱུ་མཚན་མེད་པར་ཞུགས་བཞེས་ཀྱིས་དམིགས་མེད་དུ་སོང་བས། བོད་གངས་ཅན་ལ་དུས་རྟག་ཤིན་ཏུ་གསལ་བ་ཡིན་པ་བཞིན། རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཐུགས་ལ་བཟོད་བླག་དང་བྲལ་བས་རྒྱལ་དབང་རྩེ་ཤོད་བླ་བྲང་ཞབས་པད་བཅས་སུ་སྙན་སྒྲོན་ཏེ། རྟེན་བརྟེན་པ་བཅས་གསལ་བསྐྲུན་རྟ་ཟླའི་བརྒྱད་ཚུལ་ལ་ཚར་ཕྱིན་མཛད་དེ། གོས་ནག་ལྷ་མོར་བསྒྲུབས་པ་བཀའ་བསྒོ་དམ་བཞག་གི་ཡི་གེ་ཅན། རྟ་མགྲིན་ཡང་གསང་དང་ལྷ་མོའི་སྣང་བརྙན། རྔ་རོལ་སིལ་སྙན་གོས་ལྷྭམ་སོགས་དང༌། རྒྱུན་བསྐང་གཏོང་མི་བཞི་གྲ་རྣམས་ལེགས་པར་འདོམས་སོ། །རྟ་ཟླ་དབོ་ཟླ་སོགས་ལ་གཞུངས་མཆོག་དང༌། བླ་བྲང་ཞབས་པད་སོགས་ནས་དམུ་རྫིང་སྐོར་སོགས་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་བཀའ་ཚིག་གསལ་པོར་ཕེབས་དགོས་རྣམས་ལའང༌། གཙོ་བོ་རྒྱལ་མཆོག་ལྔ་པ་ཆེན་པོའི་ལུང་བསྟན་རྒྱ་ཆེན་དང༌། གཏེར་ཆེན་བདུད་འདུལ་གླིང་པའི་ལུང་བསྟན་སྐོར། གཏེར་བདག་གླིང་པའི་དག་སྣང་ཆུ་ཟླའི་རོལ་རྩེད། རྡོར་བྲག་རིག་འཛིན་ཆེན་པོའི་དག་སྣང་སྐོར་སོགས་ལ་ཞིབ་དཔྱོད་མཛད་དགོས་ཉི་ཤར་སྒྲོན་འདེགས་ཀྱི་དཔེའི་སྒོ་ནས་ཕུལ་བ་དང་ཆབས་གཅིག །བཀའ་བསྟན་རྙིང་མ་རྒྱུད་འབུམ་ཚར་ལྔ་བཅུུ་ང་ལྔར་ཉུང་མཐའ་བྱས་པ་གསུང་སྒྲོགས་སོགས་གནང་བ་ནི། རྗེ་ཉིད་དགོངས་པ་གཞན་དོན་དུ་གཏད་པའི་ལུང་གསལ་དེ་དུས་ཀ་ཕེབས་ཤིང༌། གཞན་ཡང་དམུ་རྫིང་དུ་བརྒྱད་གྲྭས་བསྐང་བ་གནད་སྨིན་གྱི་བཀའ་དང༌། རྗེ་རྡོ་རྗེ་འཆང་ཡབ་སྲས་སོགས་ནས་བསྐང་ཕྲིན་སོགས་དགོངས་དཔྱད་ཀྱིས། བསྟན་འགྲོའི་བདེ་ཐབས་ལ་ཆེད་དུ་གཞོལ་དགོས་ཀྱི་བཀའ་རྣམས་དང་བཞེས་ནས། རྒྱལ་དབང་ཡབ་སྲས་ཀྱི་སྐུ་རིམ་གཙོར་སྨྲོས་བསེ་མགོན་ཡིད་བཞིན་ནོར་བུའི་སྐུ་དྲུང་དུ། རྗེ་རྡོ་རྗེ་འཆང་ཡབ་སྲས་ནས་ཉིན་རེ་བཞིན་བསྐང་ཕྲིན་རྒྱུན་རིང་བར་གནང་སྐབས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རེ་ཞིག་དག་ཞིང་དུ་ཕེབས་པ་གསན་ཕྲལ། མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་མྱུར་ཕེབས་ཕྲིན་འཆོལ་ཞུ་བ་དང་སྦྲགས། གངས་ཅན་ཆོས་འཕེལ་སོགས་ན་འཛུགས་