R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༥
[A:༦༨༥]ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ང་བཞིར་བྱོན་པ་ཆུ་སྟག །ལྕགས་བྱི་དབྱུག་ཟླ་ལྷག་པའི་དབང་དུ་བཏང་ན་གོང་བསམ་ཡས་སུ་ཞུགས་རང་འབར་དང་ཟླ་དུས་མཚུངས་པར། ལྗོངས་འདིར་བསྟན་པ་སྔ་དར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། བླ་མཆོད་མཁན་སློབ་དམ་པ་ཞལ་རྣམ་པ་གཉིས་ནས་དཔལ་བསམ་ཡས་རྒྱལ་པོའི་དགོངས་པ་བཞིན་བསྟན་འགྲོའི་དཔལ་དུ་གསར་བསྐྲུན་གནང་རྗེས་བཀའ་སྲུང་ཀླུ་མ་དྲོས་པ་ལ་ཞུས་པས་མ་གནང་བར། མ་མོ་དང་རྒྱལ་པོ་རྒྱ་ཡུལ་བཀྲ་ཤིས་ཁྲི་སྒོའི་དོང་ཀའི་གཙུག་ལག་ཁང་ནས་མ་མོ་དང༌། ལི་ཡུལ་ལྕང་ར་སྨུག་པོ་ནས་རྒྱལ་པོ་བཀུག་པའི་མ་མོ་ཁྱུང་ལུང་མར་གྲགས་པ་འདི་ནི། སྔོན་ཡབ་བདུད་རྒྱལ་མཐོང་རྟགས་དང༌། ཡུམ་དམུ་བཞིན་མི་སྡུག་ལ་བུ་མོ་བཞི་དང༌། མིང་པོ་གཅིག་འཁྲུངས་པའི་ཨ་ལྕེ་གནམ་སྨན་དཀར་མོའམ་རྡོ་རྗེ་རབ་བརྟན་མ་སོགས་མཚན་གྱི་རྣམ་གྲངས་མང་པོ་དང༌། དེ་འོག་འབྲོག་ཆེན་འཁོར་འདུལ་སོགས་མཚན་གྱི་རྣམ་གྲངས་ཅན། དེ་འོག་གྲོམ་པ་རྒྱང་གི་སྲུང་མ་རྒྱང་མ་སོགས་མཚན་གྱི་རྣམ་གྲངས་ཅན། དེ་འོག་ལྷ་མོ་འདི་ཉིད་ནི་དོང་ཀའི་གཙུག་ལག་ཁང་གི་འཕན་རིང་ནག་པོ་ལ་གནས་པ་སློབ་དཔོན་རིན་པོ་ཆེའི་རྫུ་འཕྲུལ་གྱི་རྟེན་བཅས་བོད་དུ་བཀུག་ཏེ། རྒྱལ་པོ་དཔེ་དཀར་དང་ལྕམ་དྲལ་དུ་མཛད་ནས་བསམ་ཡས་ཀྱི་སྲུང་མར་བསྐོས། རེ་ཞིག་ནས་ཞང་ཞུང་རྒྱལ་པོ་ལི་མན་གྱིས། མངའ་རིས་སྟོད་དུ་ཁྱུང་ལུང་དངུལ་དཀར་གྱི་གཙུག་ལག་ཁང་བཞེངས་པའི་སྲུང་མར་སློབ་དཔོན་ཤཱིནྟཾ་གརྦྷའི་རྫུ་འཕྲུལ་གྱིས་བསམ་ཡས་ནས་བདུད་མོ་གནས་པའི་འཕན་རིང་བཀུག །མིང་པོས་བསམ་ཡས་སུ་ལོག་བྱོན། ལྷ་མོ་རྟེན་ལ་ཆགས་ནས་ཁྱུང་ལུང་དུ་བཞུགས་པས་ཁྱུང་ལུང་མར་གྲགས་པ་བྱང་སེམས་ཟླ་རྒྱལ་གྱིས་དམུ་རྫིང་དུ་འཕན་བཅས་སྤྱན་དྲངས་པ་འདྲ་བའི་འཕན་བྱིན་ཅན་དེ་ཡིན་ངེས་ན། འཕན་དེས་མཚོན་དམུ་རྫིང་མགོན་ཁང་རྟེན་བརྟེན་པར་བཅས་ལ་དགེ་བྱེད་རྒྱལ་