R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༧
[A:༦༨༧]བཀོད་ཞུས་པའི་གདུང་ཤུགས་གསོལ་འདེབས་འདི་ཡང༌། སྔ་དྲོ་ཞིག་ཐུགས་སྐྱོ་ལྷང་ལྷང་གི་ངང་ནས་སྐད་ཅིག་ལ་མཛད། དེའི་ཚེ་བླ་བྲང་ཞབས་པད་མཆོག་ཏུ་སྤྱི་སྒེར་རྒྱལ་བསྟན་རིན་པོ་ཆེར་སྲི་ཞུ་དང༌། དེ་འཛིན་དམ་པ་རྣམས་ཀྱི་ཞབས་བརྟན་སྐུ་རིམ་དུ་ཆེད་དགོངས་ཀྱིས། སྣར་ཐང་བཀའ་བསྟན་རིན་པོ་ཆེར་བར་སངས་ཉམས་གསོ་ཞུ་དག་སོགས་སྙན་ཞུ་བཞིན། འཕགས་ཆེན་དམ་པའི་རྣམ་ཐར་ཕན་ཚུན་འགྲན་པ་ལྟ་བུའི་སྒོ་ནས་དང་བཞེས་བཀའ་དྲིན་ཆེ་བའི་འགོ་བརྩམས། གཞན་ཡང་གོང་ས་ཡས་ཕྱིན་སྡེ་དགེ་ས་དབང་རྣམས་ནས། མཆོད་ཡོན་བསྟན་ལར་དགོངས་པའི་བཀའ་གསང་བའི་སྐོར་སྔ་ཕྱི་ཀུན་ཏུ་མང་དུ་མཆིས་ཀྱང་འདིར་དེ་ཙམ་དང༌། ནག་ཟླའི་ཉི་ཤུ་སྐོར་ལ། ཟུར་འཆད་གྲུབ་དབང་ལ་སྐུ་ཁྲུས་སོགས་འབུལ་བར་ཁྲོ་ཁང་དུ་ཕྱགས་ཕེབས། དེ་ནས་སེ་དཀར་རིགས་ཀྱི་ཐིག་ལེ་འདར་སྡེ་སྲིད་བློ་གསལ་ཚེ་དཔལ་དབང་ཕྱུག་ལྟོས་བཅས་ལ། རྣམ་པ་ཀུན་ཏུ་ཐུགས་རྗེའི་རྗེས་འཛིན་གཡེལ་མེད་བཀའ་དྲིན་ཆེ་མུ་ནས་ས་གའི་ཉར། ཚར་ཆེན་རིན་པོ་ཆེའི་སྣང་བརྙན་མི་ཚད་མ་སྨན་འཇིམ་ལས་བསྐྲུན་པ་རིང་བསྲེལ་རྣམ་བཞིས་ཕྱུར་པོར་བཏམས་ཏེ་བྱིན་རླབས་ཀྱི་མཚན་མ་ཅན་དང༌། གློ་བོ་རྒྱལ་པོ་དབང་རྒྱལ་རྡོ་རྗེས་ལེགས་ལྡན་མ་ཞི་དྲག་གི་སྐུ་དང༌། ས་བཅུད་འཕེལ་བའི་བུམ་གཏེར་བརྒྱ་རྩ་བྱིན་རླབས་ཀྱི་མཚན་མས་ཕྱུག་པ་རྣམས་ཐུགས་བརྩེ་བ་ཆེན་པོས་སྩལ་བས། རྒྱལ་པོ་དགྱེས་པའི་རྩེར་སོན་ཏེ། སཱ་ལུ་འབྲས་དཀར་ཁལ་མང་པོ་དང༌། གཟིག་བཅས་ཕུལ་བའི་གཟིག་ནི་བསམ་ཡས་ཆོས་སྐྱོང་ལ་འབུལ་བར་མཛད་དོ། །སྣྲོན་ཟླའི་ཚེས་གཅིག་ནས་བཟུང་གསང་སྔགས་བདེ་ཆེན་གླིང་གི་གྲྭ་གྲས་ལྷས་བརྟེན་པད་རྡོར་བའི་ཆོས་དཔལ་འབྱོར། ཀོ་ཆག་རྫོང་པ་བ་དགེ་འདུན་དཔལ་བཟང༌། བར་སྡིངས་བཅུ་དཔོན་པའི་ཀུན་དགའ་ཆོས་བཟང༌། རྒྱ་མདུད་ཞུ་བའི་དཔལ་ལྡན་ཡར་འཕེལ། བར་སྡིངས་དཔོན་ནེ་བའི་བློ་གྲོས་ཆོས་འཕེལ། ས་སྐྱ་དོན་བཀྲས་ཀྱི་རྒྱལ་མཚན་རིན་ཆེན། ཁམས་དར་མདོ་བ་བསམ་གཏན་རིན་ཆེན་