R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༨
[A:༦༨༨]རྣམས་ཀྱིས་གསོལ་བཏབ་བཞིན་སྤྲུལ་པའི་ལྷ་ཁང་ཆེན་མོའི་ཐུབ་ཆེན་དར་བཞེས་མའི་དྲུང་དུ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཟབ་མོ་ཚོགས་བཤད་འཆད་ཐང་ལྔ་པའི་ཞལ་སློབ་ཀྱི་གཙོ་བོ། །གང་གི་རིགས་སྲས་དམ་པ་འཇམ་མགོན་ཨེ་ཝཾ་བཟང་པོས་གཙོ་མཛད། ཡར་ཀླུངས་མཆོག་སྤྲུལ་སོགས་ས་ལུགས་བསྟན་འཛིན་དྲག་བསྡུས་རྣམས་དང༌། ཆོས་སྡེ་ཉི་ཟླ་རྣམ་གཉིས་ཕལ་མོ་ཆེ། ཐུབ་བསྟན་པ། གསེར་ཅན་པ། འབྲས་ཡུལ་སྐྱེད་ཚལ་བ། ཆོས་ལྷུན་པ་སོགས་ཁ་ཤས། རྣམ་རྒྱལ་སེར་ཁང་པ་གྲྭ་གཅིག་སོགས་ཁྱོན་བསྡོམས་འདུས་པ་སུམ་བརྒྱ་དང་བརྒྱད་ལ་སྩོལ་བར་མཛད་སྐབས། ཆོས་དུང་རིན་པོ་ཆེ་ཤར་སྐྱ་ཙམ་ལ་གསུང་བསྐུལ་དང༌། སྐབས་འགར་སྔ་ཕྱི་བཅས། དེ་སྐབས་སུ་མཁོ་བའི་ཟིན་བྲིས་ཤིག་ཀྱང་དེ་དུས་ཀྱི་དབུ་བྱེད་ཆེ་སར་བརྩེ་སྐྱོང་མཛད་ཅིང༌། ཕུར་སྒྲུབ་སྐབས་ཁྱམས་སྨད་ལྷོར་སྐལ་ལྡན་རྣམས་རྗེས་སུ་བཟུང་བར་གྱུར་ཏོ། །གཞན་ཡང་སྣྲོན་ཟླའི་ནང་གླིང་ཚང་བླ་གསར་གདོང༌། སྔོན་དུ་སྡེ་དགེ་ས་དབང་དགུང་ལོ་བཅུ་དྲུག་ལོན་ཕྱིན་ཁབ་བཞེས་སྐོར་བཀའ་འདོམས་བཞིན། ཆུ་ཡོས་སྟོན་ར་ཐ་ལས་མ་འགྱངས་པར་དགོས་པའི་བཀའ་གསང་དང༌། བཀྲ་ཤིས་ཆོས་སྡེའི་ཆོག་དཀྱིལ་རྣམས་པར་དུ་བསྐྲུན་རྒྱུའི་གཞི་མོ་རྣམས་བཅས་ལེགས་པར་གདམས་སོ། །བསྟན་འཛིན་དེ་གྲས་ནས་རྗེ་ཉིད་ཀྱི་བཀའ་བཞིན་བཅོ་བརྒྱད་སྐུ་མཆེད་ནས་སྒྲུབ་མཆོད་ཁ་ཤས་དང༌། རྩ་རྒྱུད་བརྟག་གཉིས། ཕུར་སྒྲུབ་སོགས་ལ་གདན་སའི་འདུས་པ་རྒྱ་མཚོའི་དབུས་སུ་ཕེབས་ཤིང༌། ཁྲུམས་ཟླའི་ཡར་ཚེས་ནས། ཆོས་ཞུ་བ་རྣམས་ལ་དཔལ་གཤིན་རྗེ་གཤེད་དམར་པོའི་སྨིན་གྲོལ་ཉམས་འཁྲིད་དང་བཅས་ཆ་ཚང༌། སྒྲོལ་དཀར་ཚེ་འཁྲིད། གསང་འདུས་ལུགས་གསུམ་གྱི་དབང༌། ཀུན་མཁྱེན་རིན་པོ་ཆེའི་བཀའ་འབུམ་དང༌། དམར་པོ་སྐོར་གསུམ་གྱི་བེའུ་བུམ་ལྗགས་ལུང་འཕྲོ་ཅན། བསྐང་བའི་སྐོར་རྣམས་བཅས་དང༌། གཞན་ཡང་ཆོས་སྡེ་ལྷོ་བྱང་སོགས་ཆོས་ཞུ་བ་ཇི་སྙེད་