R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༠
[A:༦༩༠]བྲལ་བར་ཕུལ་ཞིང༌། །དེའི་ཚེ་གན་རྫོང་དུ་མི་དགེ་བའི་མཚན་མ་སོགས་ལ་བླང་དོར་གསོལ་བ་བཞིན། སྔོན་གྱི་ལོ་རྒྱུས་ལས་འཕྲོས་པའི་སྤང་བླང་དང༌། རྡོ་སྐུ་ཁྱད་མཚར་ཅན་གདན་སར་གདན་དྲངས་ནས་ཉམས་གསོ་རབ་གནས་ཀྱི་མངའ་གསོལ་དང་བཅས་སླར་གན་པ་རང་དུ་བླ་མ་བསྙེན་སོང་ནས་སྤྱན་འདྲེན་མཛད། ཟླ་བ་དེ་ནང་ནས་རྗེ་ཉིད་ཀྱི་ཐུགས་བསྐྱེད་བླ་ན་མེད་པའི་གྲས་སུ་གྱུར་པ་བྱ་ཁྲ་མའི་ཤར་བརྒྱུད། མ་ཐང་རྟེན་བརྟེན་པར་བཅས་གསར་བསྐྲུན་གྱི་ལས་འགོ་བརྩམས་ཏེ། མི་རིང་བར་མ་སྐོར་རྣམས་ལ་རབ་ཏུ་གནས་པའི་མེ་ཆར་དང༌། དེའི་བཅུ་དགུའི་ཉིན་ཟུར་འཆད་གྲུབ་དབང་བདེ་བར་གཤེགས། དེ་ནས་དྲུག་ཅུ་པའི་ཟོར་འཛིན་སྔོན་འགྲོའི་ལྗགས་བསྙེན་ཟླ་གང་མར་ཐུགས་གཞོལ་ཏེ། ཟོར་འཕེན་སོགས་ལུགས་འགྲོ་གནད་སྨིན་དུ་བཀའ་དྲིན་བསྐྱངས་ཤིང༌། མགོ་ཟླའི་ནང་པས་སེ་ཕྱག་རྡོར་སྐྱབས་ཀྱི་བསྔོ་འབུལ་བ་སོག་པོ་རྣམས་ལ་ལུགས་ཟུང་བདག་རྐྱེན་ཡང་དག་དང་སྦྲགས་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་བྲིས་རྟེན་ལྡན་གྱི་བཀའ་ལན་དུས་གསུམ་གནས་ཚུལ་ལས་འཕྲོས་པའི་བཀའ་གསང་རྨད་དུ་བྱུང་བའང་ལེགས་པར་གདམས་ཤིང༌། ཟླ་མཇུག་ནས་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ལྗགས་བསྙེན་ཟླ་གསུམ་མར་ཐུགས་གཞོལ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ཡེ་ཤེས་བྱིན་ཟ་འབར་བའི་འོད་སྣང་གིས། །བླང་དོར་སྤུ་རིས་ཕྱེད་པའི་བརྡ་ཞིག་བསྙད། །མ་འདྲེས་གཟིགས་ལ་གངས་ཅན་སྐྱབས་གནས་ཀུན། །ཕན་ཚུན་བཟང་ངན་ཤན་འབྱེད་དྲང་ཐིག་འདེབས། །སྨིན་གྲོལ་གདམས་པའི་ནོར་བུ་ཐོབ་པའི་འཛུམ། །སྐལ་ལྡན་གདུལ་བྱ་མང་པོ་ཡང་ཡང་དགོད། །དྲེགས་ལྡན་རྒྱལ་པོ་པེ་དཀར་འདོད་པའི་སྣོད། །དོན་ལྡན་རེ་ བས་ཕྱུར་མཁས་དྲིན་ཅན་རྗེ། །མཆོད་ཞིང་མཐའ་ལ་འགྲོ་དྲུག་སྒྲོལ་བའི་རྟེན། །གྲུབ་པའི་སྙན་གྲགས་ཐོས་ཚེ་མཐའ་སོགས་གཡོས། །ཞི་བས་མི་དུལ་ཞིང་བཅུའི་བསྟན་དགྲ་ཀུན། །དྲག་པོས་ཚར་བཅད་རྗེས་འཛིན་སྒྲུབ་ལ་གཞོལ། །