R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༢
[A:༦༩༢]བརྟན་མཆོད་རྟེན་གྱི་ནང་གཟུངས་སུ་འབུལ་གནང་དང༌། དེའི་ཚེ་ལྷ་ཆེན་པ་སོགས་དགེ་འདུན་འགའ་ཞིག་ལ་ཚེ་ལྷ་གསུམ་གྱི་བསྙེན་སྒྲུབ། གཞན་ཡང་གསུང་སྒྲོགས། གཏོར་མ་སོགས་བཀའ་སྩལ་རྣམས་ཚར་ཕྱིན་གནད་སྨིན་དུ་བསྒྲུབས་པ་དང༌། དབུས་ཀྱི་ཆོས་སྐྱོང་ཁག་གི་ལུང་གསལ་རིམ་གྲོ་དང༌། མོ་རྩིས་ཀྱི་སྤང་བླང་སྤྱི་དང༌། ཕྱི་རྟེན་སྐུ་འབུམ་དང༌། རིག་འཛིན་ཕོ་བྲང༌། བརྩེ་ཆེན་ལྷ་ཁང་བཅས་ཀྱི་རྒྱ་སྐར་སྟེང་དུ་བྱ་རོག་གི་ཚང་བསགས་པས་གཡས་རུ་བྱང་གི་སྤྱི་མཚོ་སྐྱ་མོའི་མཚོ་སྒོ་ཡང་སྐྱ་བོ་ཁ་གདངས་ལ་ཞུགས་པ། གནོད་སྦྱིན་རྩིའུ་དམར་པོའི་ལུང་དུ། བསོད་ནམས་ཀྱི་ཞིང་ས་དམ་པ་དེ། །འོད་ནུབ་ཕྱོགས་སུ་འཕྲོ་བར་མི་འགྱུར་རམ། །ཞེས་གསུངས་པ་དང༌། བསམ་ཡས་སུ་བླ་མ་དམ་པའི་བླ་ཤིང་སྡོང་པོ་ཆེན་པོ་ལ་ཞུགས་རང་བཞེས་དང༌། མོ་ལུང་དུ་རྒྱལ་པོ་གདན་ནས་བསྐྱོད་པ་ཞེས་བྱ་བས་བླ་མ་བཟང་པོར་དོགས་ཚུལ། གླིང་གི་མུན་ནག་གཡོགས་མོ་རྩེ་མ་འཐོན་པ་སོགས་རྗེ་ཉིད་དགོངས་པ་གཞན་དོན་དུ་གཏད་པའི་སྔ་ལྟས་ཤར་བའི་ཞབས་བརྟན་སྐུ་རིམ་དམིགས་བསལ་རྣམས་ལ་འབད་འབུངས་ངོས། དབོ་ཟླའི་ཟླ་མཇུག་སྐུ་རིམ་ཆེན་མོར་ཡང་མ་ཕེབས་ན་ཇི་ལྟར་ལགས། ཞེས་སྙན་ཞུ་མཛད་པའི་ཕྱིར་ཕེབས་སུ། སྤྱིར་ལྷག་པ་ལྷའི་ལྗགས་བསྙེན་ཡང་དག་དོན་ལྡན་སྙུན་གཞི་ཐུ་མོ་དེ་ལྟ་བུར་ཇི་སྙམ་དུ་ཡང་མི་སེམས་པར་སྐུ་སྲོག་ཕོངས་མེད་དུ་མཛད་པའི་འབྲས་བུ་མཐར་ཕྱིན་པ་དང༌། ཡང་སྒོས་རྗེ་བཙུན་ས་སྐྱ་པའི་གདུང་རབས་ཕྱིས་འབྱུང་འདི་བཞིན་མཛད་མཁན་རྣམས་ལ་སྲི་ངན་གྱིས་མི་བརྫི་བའི་ཕྱིར། ད་ལམ་ཅིས་ཀྱང་ཕེབས་དགོས་གསུངས་ཏེ། ཕུར་བཟློག་གི་ཚོགས་དབུ་རྡོ་རྗེ་སློབ་དཔོན་གནང་སྐབས་ཀྱང་ངོ་མཚར་རྫུ་འཕྲུལ་གྱི་མཛད་པ་འདི་ལྟར་མཐོང་སྟེ་སྙུན་གཞི་དེ་ལྟ་བུ་ལ་ནི། འཇིག་རྟེན་ན་སྐྱེ་བོ་ཕལ་མོ་ཆེ་དྲག་གཞན་ཇི་སྙེད་པ་དག་རྔ་རོལ་མེ་ཉི་སོགས་སྤང་བྱ་དང༌། ཟས་སྤྱོད་སོགས་འཕྲོད་བསྟེན་འཛོལ་མེད་