R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༤
[A:༦༩༤]གསལ་འདྲེས་པ་ལྟ་བུའི་ངང་དུ་རྗེ་ཉིད་ཀྱི་གཟིམ་མལ་དྲུང་མཐོ་མཚམས་བྱེད་མི་བན་གཟུགས་ཅན་ཞིག་བྱུང་བ་ལ། དེ་མ་ཐག་རྡོ་རྗེ་རྣམ་པར་འཇོམས་པའི་ཐུགས་རྒྱལ་གྱིས་སྣ་ཚོགས་རྡོ་རྗེ་གནོད་བྱེད་དེའི་མགོ་བོར་བསྣུན་པར་མཛད་པས། ཁོ་དུས་ཆོས་སུ་གྱུར་པ་ཞིག་འཁྲུངས་པ་ནི་རྗེ་བཙུན་ས་སྐྱ་པའི་བསྟན་སྲིད་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒྱལ་འགོང་ཞིག་མོ་བརྟག་སོགས་སུ་འབྱུང་བ་དེ་བསྒྲལ་བར་མཛད་པ་ནི་ཐེ་ཚོམ་དང་བྲལ། གང་ལྟར་ཕུར་བཟློག་སྦྱིན་སྲེག་ཞག་བདུན་མ་བཅས་ཐུགས་བརྩོན་ཆེ་བསྐྱེད་ངལ་བ་ཁྱད་བསད་འཕགས་ཆེན་བྱང་སེམས་ཆེན་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོའི་སྒོ་ནས། གེགས་མེད་མཐར་ཕྱིན་དུ་མཛད་དེ། གཟིམ་ཆུང་གཞི་ལམ་འབྲས་དུས་སྨིན་གྲོལ་དཔལ་འབར་དུ་གསུང་བསྐང་སྨིན་རྒྱས་ཐོག །ཚོགས་ཀྱི་འཁོར་ལོའི་དགའ་སྟོན་རྒྱ་ཆེན་པོ་ལ་རོལ་པར་གནང་ཞིང༌། མགུལ་ལ་བཀྲ་ཤིས་པའི་ལྷའི་རེག་བྱ་ཁྱད་མཚར་ཅན་དག་གིས་སྤྲས་ནས། གཟིམ་ཆུང་དེར་མཆིས་པའི་འཕྲལ་གྱི་ཉེ་མཁོར་ཐུགས་ཚགས་མཛད་པ་རྣམས་ཀྱང་སོ་སོར་ངོ་སྤྲོད་སོགས་མཛད་དེ། སྐུའི་འཕྲོད་བཞེས་ལ་ལྷིང་ཆགས་གནད་བསྣུན་མཛད་རྒྱུའི་དགོངས་རྩེ་མངོན་དུ་གཏོད་པར་གནང་སྟེ། ནག་ཟླའི་ཚེས་གཅིག་ནས་ཚོམས་དམར་མཁའ་སྤྱོད་དུ་ཕྱགས་ལེགས་པར་ཕེབས། འཕྲོད་གཞེས་རྣམས་དང༌། སྤྱི་སྒོས་ནས་ཞབས་པད་ཡུན་བརྟན་གྱི་བགྱི་བ་མཐའ་དག་འབད་པ་ཆེན་པོས་ཞུས་ཀྱང༌། སེམས་ཅན་ལས་ངན་སྤྱོད་པ་ལ། །སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད། །ཅེས་གསུངས་པ་བཞིན། ལས་ངན་དུས་སུ་བདོ་བའི་སེམས་ཅན་གྱི་སྤྱོད་པ་མ་རུངས་པ་རྣམས་ལ་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ཐུགས་ཁྲེལ་ནས་དགོངས་པ་གཞན་དུ་གཏད་པ་ལ་མངོན་དུ་ཕྱོགས་ཏེ། རེས་ནི་སྐུ་ཁམས་ཀྱང་བསྟར་ཆགས་དང༌། རེས་ནི་ཇེ་ཞན་བཅས་སྐུ་བྱུག །གསོལ་སྨན། གསོལ་ཟས། སྐུ་རིམ་རྣམས་འཐུད་མ་ཤོར་བར་བཀའ་དྲིན་ཆེ་སྐབས་རྣམས་སུའང༌། སྐལ་ལྡན་རྣམས་ལ་རྗེས་གནང་ཟབ་མོའི་