R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༥
[A:༦༩༥]རིགས་སུམ་ཅུ་ཁ་ཡར། དུད་སོལ་མའི་བེའུ་བུམ་གྱི་ལྗགས་ལུང་སོགས་དང༌། ཁྱད་པར་ཞལ་ངོ་རྣམས་ཀྱི་དབུ་གཡས་ཕྱག་གཉེར་སོགས་དྲག་བསྡུས་ཇི་སྙེད་པར་བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་རྣམ་སྲས་སེར་ཆེན་གྱི་རྗེས་གནང་གཟབས་མའི་ཐོག་ནས་སྩལ་བའི་ཚེ། སོ་སོར་འབྱུང་འགྱུར་ཧུར་བསྐྱེད་མཛད་དགོས་ཀྱི་བཀའང་གྲོལ་བ་དགོངས་གསལ་ལྟར་དང༌། གཞན་ཡང་སྟོན་སྨད་ཀྱི་བླ་ཚོང་ཁག་ཇི་སྙེད་པར་བཀའ་སློབ་སྔ་རབས་ཀྱང་ཞིབ་རྒྱས་འབྱུང་འགྱུར་དང་བཅས་དང༌། སྤྱི་སྒེར་དད་ཅན་རྣམས་ལ་མཇལ་ཕྱག །ཞགས་འཆགས། བཀའ་རྩོམ། གསུང་བྲིས། རྣམ་སྲས་བསྐང་ཕྲིན། སྐུ་རིམ་གྱི་ལྗགས་བཀོད། གནོད་སྦྱིན་འཁོར་ལོ་མང་པོའི་སྒྲུབ་པ། རྗེ་ཉིད་ཀྱི་འདྲ་སྐུ་རིན་པོ་ཆེ་བྱེས་ལོག་བཞིས་བརྟན་ཞེས་རྗེ་ཉིད་ནས་མཚན་གསོལ་ཞིང༌། དར་གླིང་གྲུབ་དབང་ལ་མ་སྩལ་བར་འཇམ་མགོན་མཆོག་ལ་སྩལ་བ་དེའི་རྟེན་འབྲེལ་གྱིས་རྗེས་སུ་མང་མཁར་ནས་ས་སྐྱར་བྱོན་ཐུབ་པའི་ཡིན་སྙམ་ཁོ་བོ་སེམས་པ་སོགས་ལ་ཕྱག་ནས་རྒྱས་པ། ལས་བཞིའི་སྦྱིན་སྲེག་ཕྱག་རྡོར་གཏུམ་མོའི་དུག་དབྱུང་རྒྱུན་རིང་བར། རིང་མོའི་དུས་ནས་རྗེ་ཉིད་ཀྱི་ཐུགས་དགོངས་ཐུན་མོང་མ་ཡིན་པ་གྲོ་བཞིན་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་ཐོགས་འགྲེམས་པར་མཛད་རྒྱུའི་ནོར་ཕྲེང་ཕྱེ་ཕུར་སོགས་གོས་བཟང་དགུ་ལས་གྲུབ་པའི། མཆོད་རྫས་འདི་རྣམས་བཀས་འདོམས་ཤིང་སྤྱན་ལམ་དུའང་གཟིགས་སུ་གསོལ་བ། སྡེ་དགེ་གཉེར་ཆེན་མགོན་ཚེར་ལུགས་ཟུང་གི་བདག་རྐྱེན་ཡང་དག་པའི་ཐོག །རྒྱལ་སྲས་མཆོག་ལ་ཁབ་བཞེས་སྐོར་སོགས་ཕྱི་ནང་གསང་བའི་བཀའ་སྩལ་དུ་མ་དང༌། ཆོས་ལྷུན་གྲྭ་པ་ཞིག་ལ་དྲེགས་བྱེད་རྡོ་རྗེ་ཤུགས་ལྡན་རྩལ་གློ་བུར་ཁོག་བརླམས་ཀྱིས་དེ་གའི་གཏོར་བཟློག་འཕེན་དགོས་ཀྱི་ལུང་བཞིན་ལྗགས་བསྒྲིགས་ཐོག་དེ་བཞིན་མཛད་པ་སོགས། སྙུན་བབས་ལྕི་མོ་དེ་ལྟའི་གནས་སྐབས་སུའང༌། ངོ་མཚར་དང་བཅས་བསྟེན་མཁས་ཀྱི་མཛད་པས་དུས་འདས་རྗེས།