R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༧
[A:༦༩༧]ཉིལ་བ་སོགས་ཀུན་གྱི་མིག་གི་བདུད་རྩིར་བྱུང་བ་དང༌། གཞན་ཡང་ལྷ་ཁ་མ་སོགས་ཀྱིས། དཔའ་བོ་མཁའ་འགྲོས་གདན་འདྲེན་མཛད་ཀྱིན་འདུག་ཟེར་བ་སོགས་བྱུང་ཞིང༌། དེའི་སང་ཐུབ་བསྟན་དགེ་འཕེལ་དར་གླིང་སོགས་ནས་སེར་ཕྲེང་གིས་སྔོན་བསུས་ཏེ། དགེ་འཕེལ་དུ་གསོལ་ཚའི་ཐོག་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཤིང༌། རིམ་གྱིས་ཆབ་གདུགས་སྐབས་ཀྱང་སྐུ་ཁམས་ཐོག་མར་རེས་འཇོག་དང༌། དེ་ནས་ཇེ་ཞན་བཅས། གནས་དེར་ཡང་གདུལ་བྱ་སྤྱི་བྱེ་བྲག་གི་སྐལ་བ་དང་འཚམས་པའི་མཛད་པ་ནི་སུས་ཀྱང་བཟློག་མེད་དུ་བཀའ་དྲིན་བསྐྱངས་ཤིང༌། ལྷག་པར་ཡུལ་ཕྱོགས་དེས་མཚོན་རྒྱལ་ཁམས་བདེ་སྐྱིད་ལ་ཕན་པའི་ལྷ་བསངས། སེང་གེ་སྒྲ། ཆབ་ཀླུ་སོགས་ཉིན་རེ་བཞིན་རྟག་པར་མཛད་པས་དེ་ལོ་ཡུལ་ཕྱོགས་དེར་ལོ་ལེགས་པ་དང༌། ཕྱི་ལོ་ཆུ་བཟང་བ་སོགས་རྒྱལ་བའི་མཛད་པ་ཉི་ཤར་སྤར་མོས་མི་ཁེབས་པའི་དཔེ་བཞིན་ཀུན་གྱིས་གླེང་པ་འདི་བཞིན་དང་སེང་གེ་སྒྲ་སོགས་གནང་བའི་ཚེ་ཉིན་རེ་བཞིན་སྦྲུལ་མང་པོ་སྐུའི་གམ་དུ་འོང་བ་དང༌། རྩིག་པའི་སེང་ནས་སྦྲུལ་ཆུང་ངུ་མང་པོ་རྗེ་ཉིད་ཀྱི་ཕྱོགས་སུ་མགོ་བཏེག་ནས་འདུག་སྟེ་སླར་གསུང་ཆོག་གྲོལ་ནས་གར་སོང་མེད་པ་ལྟར་ཉིན་ལྟར་གྱུར་བའང་དེར་ཡོད་ཀུན་ལ་རྒྱུས་ཡོད་ཅིང་དེ་དུས་བླ་བྲང་ཞབས་པད། ཤེལ་རྫོང༌། ལྷ་རྩེ་རྫོང༌། མང་མཁར་ཁུལ་གྱི་དྲག་ཞན་མཐའ་ཡས་པ་སོགས་ནས་ཀྱང་ཆབ་གསོས་ཀྱི་ལེགས་སྐྱེས་ཚར་དུ་དངར་བ་དང༌། ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་ཞུས་ཤིང༌། ཛ་ལུང་མཐུ་སྟོབས་དཔལ་འབྱོར་ནས་ཀྱང་དུག་དབྱུང་དང་ཚེ་དབང་ཆག་མེད་དུ་ཕུལ། སེང་དབར་རྣམས་ལ་གང་གི་རིགས་སྲས་དམ་པ་འཇམ་མགོན་གོང་མ་རིན་པོ་ཆེ་ནས་གྲོ་བཞིན་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་སྐབས། ལེགས་བཤད་ཀྱི་བདུད་རྩི་སྩོལ་བར་མཛད་རྒྱུའི་སྔོན་འགྲོའི་མཚམས་སྦྱོར་ལྗགས་རྩོམ་དུ་མཛད་པ་འདི་ནི། རྟོགས་བརྗོད་རིན་པོ་