R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༨
[A:༦༩༨]ཆེ་འདིའི་ཕྱི་མོ་ལྟ་བུར་ཤར་བ་དང༌། ལྗགས་རྩོམ་གྱི་ཕྱི་མ་རང་ཡིན་ལགས། དེ་ནས་ཕེབས་ཏེ་ཐུབ་བསྟན་དགེ་འཕེལ་དུ་བཞུགས་ནས། རྗེ་བཙུན་རིན་པོ་ཆེའི་སྣང་བརྙན་ལུང་བསྟན་སྐུ་འདྲ་རིན་པོ་ཆེའི་དྲུང༌། དེའི་བླ་མའི་རྣལ་འབྱོར་དང་སྦྲགས་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་སྲིད་མཐའི་བར་དུ་བྱོན་ནས་བསྟན་འགྲོའི་མགོན་པོ་མཆོག་ཏུ་འགྱུར་བའི་ཐུགས་བསྐྱེད་རྒྱལ་སྲས་ཀུན་ཏུ་བཟང་པོའི་ངང་ཚུལ་ཅན་དུ་མཛད་པ་དང་མཉམ་དུ། སྐུ་དེ་སྐུ་པང་དུ་གདན་འདྲེན་སྐབས་རྗེ་ཉིད་ལ་རིང་བསྲེལ་གཉིས་ཙམ་བྱོན་ཞིང༌། མགོན་ཁང་རྟེན་རྣམས་དང་ཚར་ཆེན་རིན་པོ་ཆེའི་སྣང་བརྙན་སོགས་ལའང་གོང་གི་མཚམས་སྦྱོར་དེ་བཞིན་དང༌། ཚོགས་བདག་ཀྱང་མཛད་ཅིང༌། དེའི་ནུབ་མོ་ནི་སྐུ་ཁམས་ཆེས་ཆེར་ཉོག་ཅིང༌། ཐོ་རེངས་ཀྱི་ཆར་གསུང་ལྷང་ལྷང་གི་མུར་རྗེ་བཙུན་རིན་པོ་ཆེ་ཕེབས་བྱུང་བཞུགས་སྟན་ཐིངས་གསུང་བ་དང༌། ཡང་སྐབས་འགར་རྗེ་བཙུན་རིན་པོ་ཆེ་གདན་འདྲེན་ཞུས་ཤིག་གསུང་བ་དང༌། སྐབས་འགར་ཛ་ལུང་པ་སྐུ་མདུན་དུ་མྱུར་དུ་གདན་འདྲེན་ཞུས་གསུང་པ་སོགས་འཁྲུངས་སྣང་མཐའ་ཡས་པའི་མུར་འབྱམས། དེ་ནས་གཞི་བདག་ཤོ་དམར་བར་གསོལ་མཆོད་དང་བཅས་སྔར་གྱི་རྒན་མོ་ཁ་དྲོན་དུ་བཞུགས། དེའི་སང་འཕྲང་ཕུར་བཞུགས་དུས་རླུང་ཆེན་པོ་ལྡང་བ་སོགས་འཚུབས་ཉམས་ཀྱང་འགའ་ཞིག་བྱུང་ཞིང༌། དེ་ཉིན་གཟའ་སྐར་ཡང་འཇམ་པ་བཅས་རྗེ་ཉིད་ཀྱི་རྟོགས་བརྗོད་རིན་པོ་ཆེ་དབུ་ཚུགས་ཙམ་ཟིན་བྲིས་ཕྲན་བུ་ཞིག་མཛད་པ་ནི། འདི་དང་འདི་ལྟ་བུ་དགོས་སོ་ཞེས་འདོམས་པར་མཛད་པ་ཡིན་གྲང༌། དེའི་སང་སྣྲོན་ཟླ་སྔོན་མའི་ཉེར་དྲུག་ཉིན་ལྷུན་གྲུབ་ལྡེངས་སུ་ཞལ་ངོ་རྣམས་དང༌། ཆོས་ཞུ་བ་སྐུ་དྲག་རྣམས་བཅས་ནས་ཆིབས་བསུས། མངའ་ཞབས་ཀྱིས་གཞས། སེར་ཕྲེང་སོགས་ལེགས་ལམ་བཟང་པོ་དང་བཅས་གདན་ས་ཆེན་པོའི་གཞི་ཐོག་ཕོ་བྲང་དུ་ཕེབས་སྐབས། ཁྱད་འཕགས་བྱང་གི་ཐེམ་སྐས་ལ་འཆེལ་བཞུགས་ཡུན་རིང་ཙམ་མཛད་ནས། སྐྱེ་དགུ་ཀུན་ཞལ་དཀྱིལ་ལ་ལོངས་སྤྱོད་དུ་འཇུག་