R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༦
[A:༦༩༦] མ་འོངས་མངོན་སུམ་དུ་གཟིགས་ཏེ། ཚོམས་དམར་མཁའ་སྤྱོད་སོགས་བཀོད་ལེགས་ཀྱི་བཀའ་འདོམས་ནི། སྤུར་བཞུའི་གནས་དང༌། ཕོ་བྲང་ལ་ཞིག་གསོའི་སྐབས་སྐུ་ཆས་འཇོག་པར་དགོས་སོ། །ཞེས་གསུངས་རྒྱུར་གོར་མ་ཆག །དེ་ནས་ཁའུ་སྨན་ཆབ་ལ་ཕེབས་འཕྱང་ཐོག་སྐུ་བསྐྱོད་ཀྱི་ཚེ་ཀུན་རར་དྲག་བསྡུས་རྣམས་ནས་རྗེ་ཉིད་ལ་མཇལ་དར་བསྟར་བའི་ཚེའང་བཀའ་གསང་སོ་སོར་གྲོལ་མུར། ལྷ་བྲིས་དབུ་བྱེད་ལ། ཁོ་བོའི་འདྲ་སྐུ་འདྲ་མང་དུ་བཞེང་དགོས་ཡོང་བས་ངོས་ཀྱི་གདོང་ལ་ཡང་དག་ལྟོས་ཤིག །ཅེས་བཀའ་སྩལ། ཁ་འུར་དགའ་བོ་ཆུ་ཚན་ཆབ་བདུགས་སྐབས་ཀྱང་སྐུ་ཁམས་རེས་འཇོག་ཁོ་ན་དང༌། ཐོག་སྟེང་དུ་སྔ་དྲོ་ལྷ་བསངས། སེངྒེ་སྒྲ། ཆབ་ཀླུ་བཅས་རྒྱལ་ཁམས་ལོ་རིམ་ལ་ཆེད་དུ་དགོངས་ཏེ་རྟག་པར་གནང༌། སྣྲོན་ཟླའི་ལྷ་མོ་མཆོད་ཀྱང་རྡོ་ཆུའི་སྟེང་དུ་ཇི་བཞིན་གནང་རྒྱུའི་ཐོ་རེངས། སྐུ་ཁམས་ཤིན་ཏུ་ཉོག་པ་དེའི་ཚེ། དཔལ་ལྡན་ལྷ་མོ་ཉིད་ཀྱི་དངོས་སུ་ཞལ་བསྟན་ནས་ལུང་བསྟན་མང་དུ་སྩལ་མཐར། གཟིམས་ལུགས་དེ་ལྟར་མ་མཛད་པར། ཀྲོང་གིས་དབུ་མཉེལ་སྐུ་རྒྱབ་གཏད་དེ་གཟིམས་ནམ་གུལ་གློ་ཆུང་བ་ཡོང༌། ཞེས་ཀྱང་གསུང་བ་དང༌། དེ་ནས་ཉིན་གཅིག་ས་སྐྱར་བཞུགས་ཚེའང་གཞི་ཐོག་སེར་ཁང་སྟེང་དུ་ལོ་རིམ་ལ་ཆེད་དུ་དགོངས་པའི་ལྷ་བསངས་སེངྒེ་སྒྲ། ཆབ་ཀླུ་སོགས་ཐམས་ཅད་ཀྱང་འཕགས་ཆེན་བྱང་ཆུབ་སེམས་དཔའ་བདག་བས་གཞན་གཅེས་ཀྱི་རྣམ་ཐར་ལྷུར་བཞེས་ཁོ་ནས་དུས་འདའ་བར་མཛད་པ་ནི་དེང་སང་ཀུན་གྱི་ཐུགས་གསལ་ལྟར་དང༌། དེའི་སང་ནས་མང་མཁར་སྨན་ཆབ་ལ་ཕེབས་ལམ་སྒྲོལ་མ་ལྷ་ཁང་ལ་གནས་གཟིགས་དང༌། གཡས་བསྐོར་གྱིས། ཞལ་མཇལ་ཕྱག་དབང་སོགས་བཀག་མེད་ཕེབས་འཕྱང་ཐོག་ནས་སྩོལ་བཞིན་པར་ཤེལ་ཕྲེང་ལ་བརྒྱུད་རྒན་མོ་ཁ་དྲོན་ཞེས་པར་བཞུགས་ཉིན་དེ་ནི། ས་སྐྱའི་ཐད་ནས་ལྷོ་ནུབ་ཕྱོགས་སུ་འཇའ་དཀར་པོ་ཤིང་སྡོང་ཆེན་པོ་ལོ་འདབ་རྒྱས་པ་ལྟ་བུ་ཞིག་དང༌། མེ་ཏོག་གི་ཆར་