R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༩
[A:༣༣༩]སྐྱ་རེངས་ཁྲག་མེད་བསད། ཆུང་མ་གཡའ་འབྲུམ་སི་ལི་མ་ཕྲོགས་ཏེ་ཁབ་ཏུ་བཞེས་པས། ལྷ་དང་སྲིན་པོ་འཁོན་པའི་བར་དུ་འཁྲུངས་པའི་སྲས་འཁོན་བར་སྐྱེས། དེ་དང་བཙན་བཟའ་ལྕམ་བུ་སྒྲོན་གྱི་སྲས་དཀོན་པ་རྗེ་གུང་སྟག་གམ་འཁོན་དཔལ་པོ་ཆེ། དེ་དང་རླངས་བཟའ་ནེ་ཆུང་མའི་སྲས་གཅེན་ཀླུ་དབང་དང༌། གཅུང་རྡོ་རྗེ་རིན་ཆེན། ཕྱི་མའི་ལྕམ་འགྲོ་བཟའ་གཡང་ལོན་སྐྱིད་ལ། སྲས་བདུན་བྱོན་པའི་གཅེན་དྲུག་ལས། ཆེ་བ་མང་ཡུལ། དེ་འོག་གུང་ཐང༌། དེ་འོག་སྲད་དང༌། དེ་འོག་གཉལ་ལོ་རོ། དེ་འོག་མྱང་ཤབ་རྣམས་ལས་སྐུ་བརྒྱུད་འཕེལ་ཡང་ངོས་འཛིན་དང་བྲལ་ཞིང་བདུན་པའི་སྐུ་བརྒྱུད་མ་འཁྲིགས་སྡེ་གསུམ་དུ་གྲགས། དྲུག་པ་ཤེས་རབ་ཡོན་ཏན་གཡའ་ལུང་དུ་བཞུགས། སྲས་གཉིས་ཀྱི་ཆུང་བ་ཁབ་སོ་སྟག་ཏུ་བྱོན་པ་ལས། ལ་སྟོད་བྱང་གི་འཁོན་ཚོ་རྣམས་འཕེལ་བར་བཤད། ཆེ་བ་ཡོན་ཏན་འབྱུང་གནས་ལ་སྲས་གསུམ་བྱོན་པའི་གྲས་ཚུལ་ཁྲིམས་རྒྱལ་པོ་སྟེ། དེ་ལ་ཡང་སྲས་གསུམ་གྱི་བར་པ་བརྡལ་གྱི་ཆང་ཚང་དུ་བྱོན། ཐོག་མཐའ་གཉིས་གཡའ་ལུང་དུ་བཞུགས་པའི་ཆེ་བ་གཙུག་ཏོར་ཤེས་རབ་ལ་སྲས་བདུན་གཅུང་དང་བཅས་ལ་འཁོན་ཚོ་བརྒྱད་དུ་གྲགས་པའི་ལྔ་པ་དགེ་སྐྱབས་ཤབ་ཏུ་བྱོན་པའི་སྲས་གཉིས་ཀྱི་གཅུང་ལས་ཤབ་སྟོད་ཀྱི་འཁོན་ཚོ་གྱེས། གཅེན་པོ་དགེ་མཐོང་སྲས་བལ་པོ། །དེ་སྲས་ཤཱཀྱ་བློ་གྲོས། དེ་སྲས་ཤེས་རབ་ཚུལ་ཁྲིམས་དང༌། དཀོན་མཆོག་རྒྱལ་པོ་གཉིས་ལས། ཤེས་རབ་ཚུལ་ཁྲིམས་ཡན་འཁོན་གྱི་གདུང་རབས་གསང་སྔགས་སྔ་འགྱུར་གྱི་བདག་པོ། གྲུབ་པའི་ས་ལ་ཞུགས་ཏེ་བྲག་ལ་ཕུར་པ་འདེབས་པ་དང༌། རྔ་ལ་ཆིབས་ནས་ནམ་མཁར་ཐོགས་མེད་ཕེབས་པ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྟོན་པར་མཛད་པ་ཤ་དག་གོ །འཁོན་སྟོན་དཔལ་པོ་ཆེ་ནས་ཤེས་རབ་ཚུལ་ཁྲིམས་བར་དབུ་བླ་མ་ངེས་ཤིང༌། འོན་ཀྱང་ཀླུ་དབང་སྐུ་མཆེད་ནི།