R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༠
[A:༣༤༠] མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་རིན་པོ་ཆེ་པདྨའི་ཞལ་སློབ་ཡིན་ཅིང༌། ཕྱི་མ་འཁོན་དཀོན་མཆོག་རྒྱལ་པོ་ཤིང་ཁྱིར་འཁྲུངས་ནས་རེ་དགུ་ཆུ་རྟར་གཤེགས་པ་དེས། བཞི་བཅུ་ཆུ་གླང་ལོར་དཔལ་ལྡན་ས་སྐྱ་བཏབ། ཡབ་དང༌། གཅེན་པོ། ཁྱིན་ལོ། འབྲོག་མི། སེ་ཀུན་རིག །འགོས་ལོ། ཤེས་རབ་གསང་བ། རྨ་ལོཙྪ། མལ་ལོ། བ་རི་བ། ཁའུ་པ་སྐུ་མཆེད། འཁོན་སྒྱི་ཆུ་བ། སྐྱུ་ར་ཨ་སེང་སོགས་ལས་གསན་པ་རྒྱ་མཚོའི་ཕ་མཐར་སོན་ཅིང༌། གུར་ཞང་མོར་ཆུ་སྤྲེའུ་ལོ་ཡབ་ང་དགུའི་ཐོག་ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས་ནས་རེ་བདུན་ས་སྟག་གཤེགས། དེའི་དབུ་བླ་ནི། འཇམ་དབྱངས། སྒྲོལ་མ། མི་གཡོ་བ། བིརྺ་པ། ནག་པོ་པ། ག་ཡ་དྷ་ར། ནགས་ཁྲོད་པ། ཀོ་ཏྲ་ལི། ཡབ་དཀོན་མཆོག་རྒྱལ་པོ། བ་རི་བ། བྲང་ཏི་དར་མ་སྙིང་པོ། དགེ་བཤེས་ཁྱུང༌། ཁྱུང་རིན་ཆེན་གྲགས་པ། དཔལ་མེ་དིག་པ། མེས་ལྷང་འཚེར། ཁའུ་པ། སྒྱི་ཆུ་བ། མལ་ལོ། སྤུ་ཧྲང་ལོ་ཆུང༌། སྐྱུ་ར་ཨ་སྐྱབས། པདྨ་ཤྲཱིཿ །ཛྙཱ་ན་བཛྲ། བྷ་དྲ་རཱ་ཧུ་ལ། དགེ་བཤེས་རྔོག །ཞང་སྟོན་ཆོས་འབར། དཔལ་སྒ་ལོ་སོགས་ལྷ་མིའི་དམ་པ་དུ་མ་ལས། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་ཏུ་བཞུགས་པ་དེའི་བཙུན་མོ་དང་པོ་ཚ་རོང་ཇོ་ལྕམ་ཕུར་མོར། ཀུན་དགའ་འབར་དང་གཉིས་པ་ཚ་རོང་འོད་སྒྲོན་མའི་སྲས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ་སྟེ་གསུམ་བྱོན་ཞིང༌། ཞལ་སློབ་ཀྱང་ཕྱག་ཆེན་ཐོབ་པ་གསུམ། བཟོད་པ་ཐོབ་པ་བདུན། གཞོན་ནུའི་སར་གནས་གཅིག །གཞན་ཡང་དཔལ་ཆེན་སྒ་ལོ། བྱང་སེམས་ཟླ་བ་རྒྱལ་མཚན། དཔལ་ཕག་མོ་གྲུ་པ། སྒོམ་པ་རྟ་རྒན་ཕག་སྟོན། རྒྱལ་ཚ་ཏལ་ཕུག་པ། དབྱར་སྟོན་སྦུམ་པ། གཤེན་རྡོར་སེང༌། གཤེན་དགོན་དཀར་བ། ཞང་སྟོན་གསུམ་ཐོག་པ། ཞང་སྟོན་སྤེ་དམར་བ། བྲག་དམར་གཞུ། སྐྱུར་