R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༨
[A:༣༣༨] །ཞེས་གསུངས་ཤིང༌། དེས་ན་སྔོན་གྱི་མཁས་པ་རྣམས། བོད་འདིར་བྲམ་ཟེའི་རིགས་སུ་གསལ་བ་མ་བྱུང་བས། རྒྱལ་རིགས། རྗེ་རིགས། དམངས་རིགས་གསུམ་དུ་འདུ་བར་བཤད་པས། དཀོན་པ་རྗེ་གུང་སྟག་གམ་དཔལ་བོ་ཆེ་ཞེས། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་དེ་ཉིད་ཀྱིས་ནི། ཞང་བློན་རྗེའུ་རིགས་སུ་བཤད་པའང་ཡོད་མོད། གཟུགས་ཁམས་ལྷ་གནས་གསུམ་པ་འོད་གསལ་ནས་གནམ་གྱི་ལྷ་མཆེད་གསུམ་བྱོན་པའི་བར་པ་ལས་མཆེད་པས་ལྷ་རིགས་གཙང་མ་འགྲན་བྲལ་ཉིད་དུ་འཁུམས་ཤིང་རུས་ནི་རིགས་མ་ཉམས་པའི་ཕ་དེའི་བརྒྱུད་པ་ལས་བྱུང་བ་སྟེ། དེས་ན་གང་གི་ལྷ་རིགས་གཙང་མ་གང་ལས་བྱུང་བར་གྱུར་པའོ། །ཆོ་འབྲང་ནི་ཞང་པོ་ཁུངས་དང་ལྡན་པ་ལ་འཇུག་སྟེ་འོག་ཏུ་འཆད་ལགས། དོན་དེ་དག་ལ་དགོངས་ནས་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུངས་ལས། མི་ཤེས་གདོལ་པའི་ཕྲུག་གུ་ཕོངས་པ་ཡི། །འཁོར་གྱིས་བཏེག་ལ་འཇིག་རྟེན་འདྲེན་པ་ཞེས། །སྨིག་རྒྱུ་འབབ་ཆུར་སྒྲོགས་པའི་གྲག་སྟོང་སྒྲས། །འཇིག་རྟེན་ཡངས་པོར་བྱེད་དང་འདི་མི་མཚུངས། །ཞེས་ཀྱང་བསྔགས་པར་མཛད་དོ། །དེ་ཡང་གནམ་ལྷ་མཆེད་གསུམ་འབྱོན་ནས་ཀྱང་ཡུལ་མཐོ་ཞིང་གཙང་བ་མངའ་རིས་སྟོད་ཀྱི་སའམ་ལོ་རྒྱུས་འགའ་ཞིག་ན་བྱང་གི་ཤེལ་ཚ་རྒྱལ་མོའི་གངས་འགྲམ་དུ་བྱོན་པར་ཡང་བཤད་པས། གཅུང་པོ་གཡུ་སེར་སྲས་བཞི་བྱོན་པ་ཡབ་བཅས་ལྷ་ཡུལ་དུ་གཤེགས། བར་པ་གཡུ་རིང་དང་དམུ་བཟའ་ལྡེམ་བུ་ལས། སྲས་མ་སངས་སྤུན་བདུན་བྱོན་པའི་གཅེན་དྲུག་ཡབ་དང་བཅས་ཀྱང་ལྷ་ཡུལ་གཤེགས། བདུན་པ་མ་སངས་སྤྱི་རྗེ་དང་ཐོག་ལྕམ་འུར་མོའི་སྲས་དཔའ་བོ་སྟག །དེ་དང་ཀླུ་ལྕམ་དྲ་མའི་སྲས་སྟག་པོ་འོད་ཅན་ཏེ་འདི་རྣམས་བར་སྣང་ལ་བཞུགས་པར་བཞེད། །དེ་དང་མོན་བཟའ་འཚོ་མོརྒྱལ་གྱི་སྲས་གཡའ་སྤང་སྐྱེས་རྣམས་ནི་ལྷའི་གདུང་རབས་སོ། །དེས་སྲིན་པོ་