R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༢
[A:༧༠༢]མཁའ་གཡའ་དག་པའི་ཁྲོད་དུ་འཇའ་དཀར་པོ་མེ་ཏོག་རྒྱས་པའི་དབྱིབས་ཅན་དང༌། མེ་ཏོག་གི་ཆར་མང་པོ་རྒྱུན་རིང་བབས་ཤིང༌། ཐུགས་དམ་ཟབ་མོའི་ཉམས་བཞེས་གསལ་འདེབས་སོགས་མཛད་སྒོ་རྣམས་ཀྱང་ཇི་བཞིན་འཇམ་མགོན་གོང་མ་མཆོག་གི་བཀའ་འདོམས་ཀྱིས་མཛད་ནས། ཡར་ངོའི་དགའ་བ་གསུམ་པའི་ནམ་ལངས་བར་ལ་སྐུ་སྤུར་ལ་སྐྱོན་གྱི་རྣམ་པ་ཡེ་མ་བཞེས་པའི་ངོ་མཚར་དང་བཀའ་དྲིན་ལྷན་ཅིག་ཏུ་ཆེ་བ་དང༌། ནམ་ལངས་ནས་དྲི་བཟང་གི་ཕྱེ་མས་བྱུགས་པའི་སྐུ་སྤུར་ཟངས་ནང་དུ་སྤྱན་དྲངས་པ་དེ་མཆོད་ཕྲེང༌། སྤོས་བསུ་སོགས་དང་བཅས་ཚོམས་དམར་མཆོད་རྫས་མང་པོའི་དབུས་སུ་གདན་འདྲེན་གྱིས། ཆོས་སྡེ་རྣམ་གཉིས། དྲུང་སྐྱ་སེར། རིན་སྒང༌། ཆོས་ལྷུན་པ་སོགས་ནས་སྐུ་སྤུར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བྱིན་རླབས་སོགས་ཞུ་བར་མཛད་རྗེས། མཁན་རིན་པོ་ཆེ། དབུ་བྱེད་རྣམ་གསུམ། གྲྭ་ཚང་མཆོད་དཔོན་བཅས་ནས་ཀྱེ་རྡོ་རྗེའི་དུས་མཐའི་ཆོ་ག་སྨིན་རྒྱས་ཀྱི་ཐོག་ནས་བྱིན་ཟར་བཞུ་སྦྱོང་མཛད་འཕྲལ། ཞུགས་རང་བཞེས་ལྟ་བུའི་ངོ་མཚར་གྱི་ཚེའང་ནམ་མཁར་འཇའ་དང་མེ་ཏོག་གི་ཆར་སོགས་ནི་ཀུན་གྱི་མིག་ལམ་དུ་གསལ་ཞིང་དེ་ཉིད་སྐུ་གདུང་བཞུ་སྦྱངས་ཟིན་འཕྲལ་ནས་བཟུང་ཀླུ་རྣམས་ཀྱང་ཟིམ་ཆར་རྟག་པོར་འབེབས་པར་བྱེད། དེ་ནས་དགུང་ཞག་ནམ་རྫོགས་པར་འཇམ་མགོན་ཞལ་རྣམ་པ་གཉིས་ནས་འཁོར་ལོ་བདེ་མཆོག་ནག་པོ་ལུགས་རྡུལ་དཀྱིལ་གྱི་སྟེང་ནས་བདུན་ཕྲག་རེའི་མཚམས་སུ་དཀྱིལ་འཁོར་གཤིགས་གསོལ་དང་བཅས་ཞལ་ཕྱེ་བར་མཛད། བདེ་མཆོག་ཏུ་ཨ་ཎི་དྲུང་དང་བཙུན་མོ་ཀུན་སྐྱིད་ལགས་ནས་ཀྱང་དགོངས་རྫོགས་སྒྲུབ་མཆོད་དང༌། རྗེ་བཙུན་དྲུང་འཆི་མེད་བསྟན་པའི་ཉི་མ་ནས་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྒྲུབ་མཆོད་ཀྱང་དེ་བཞིན། གཞན་ཡང་འདུས་ཚོགས་རྣམས་རེས་བསྐོར་གྱིས། ཀུན་རིག །ཀྱེ་རྡོར། གསང་འདུས། འཇིགས་བྱེད་རོ་ལངས་བརྒྱད་བསྐོར།