R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༡
[A:༧༠༡]གང་འདུལ་སྐུ་མཆོག་ཏུ། །རྒྱལ་བའི་ཕྲིན་ལས་ཤར་བའི་མགོན་པོ་ཁྱོད། །རང་ཉིད་ཞི་བདེའི་ས་ལ་ཕེབས་མིན་ནམ། །སྙིགས་མའི་ངན་སྤྱོད་དུག་མཚོས་བསླད་པ་ཡི། །བཟང་པོར་འཁྲུལ་པའི་འགྲོ་ལ་སྐྱེངས་གྱུར་ནས། །བདེ་བར་བྱོན་ན་མགོན་པོས་མ་ནོངས་ཏེ། །སླར་ཡང་གདུང་ཤུགས་གསོལ་འདེབས་རྗེས་འཛིན་མཛོད། །མཐའ་མེད་འཁོར་བའི་ས་གཞི་ཁྱོན་ཡངས་པོར། །ཟིན་མེད་མི་དགེའི་ས་བོན་བཏབ་བཏབ་ནས། །ངལ་མེད་སྩོལ་བ་ནོར་བའི་སེམས་ཅན་ལ། །དམིགས་མེད་ཐུགས་རྗེས་གཟིགས་ཤིག་དྲིན་ཅན་རྗེ། །དུང་དུང་སེམས་པ་འགུལ་བའི་དྲན་ཤེས་ཀྱི། །ལྷང་ལྷང་སྨྲེ་སྔགས་ཆོ་ངེའི་དར་དིར་དབྱངས། །ཧྲིག་ཧྲིག་མིག་གི་བུང་བ་ཆུས་བརྣངས་ནས། །ཧད་ཧད་འདྲེ་ཞིང་ལྡོག་ལ་ཐུགས་རྗེས་གཟིགས། །ཡང་ཡང་འཁོར་བ་ལུ་གུ་རྒྱུད་ཉིད་དུ། །མང་མང་འཁྱམས་པའི་མ་རྒན་སེམས་ཅན་ཀུན། །བདེ་བདེ་ཐར་པར་བཀྲི་བའི་མགོན་པོ་རུ། །མྱུར་མྱུར་སྤྲུལ་པའི་གར་མཛོད་དྲིན་ཅན་རྗེ། །ཞེས་ཀྱང་སྨྲས་སོ། །དེ་ལྟར་བདག་སོགས་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་སྐུ་དྲིན་ནམ་མཁའི་མཐའ་དང་མཉམ་པ་དེ་ཉིད་ཀྱིས་དགུང་གྲངས་ལྔ་བཅུ་རྩ་ལྔའི་སྣྲོན་ཟླ་ཕྱི་མའི་ཚེས་གཅིག་གི་བར་དུ། བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་ཀུན་གྱིས་འགྲན་ཟླ་དང་བྲལ་བར་མཛད་ནས། མཛེས་བྱེད་ཆུ་མོ་ཡོས་ཀྱི་ལོའི་སྤྲེའུའི་ཟླ་བ་ཉིས་བརྩེགས་ཀྱི་ཕྱི་མའི་ཡར་ངོའི་བཟང་པོ་དང་པོར་རེས་གཟའ་མིག་དམར། ཟླ་སྐར་ནབས་སོ་ལ་བབས་པའི་ཉི་དྲོས་སྦྲུལ་གྱི་འགོ་ཟིན་ཙམ་ལ་ངོ་མཚར་གྱི་ལྟས་དང་ཆབས་གཅིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཞིང༌། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་འགོད་པའི་ཕྱིར་དང༌། སྙིགས་དུས་ཀྱི་སྤྱོད་ངན་ལ་ཁྲེལ་བ་དང་ཡང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་ཚུལ་བསྟན་པའི་མོད་ཉིད་ལ། ནམ་