R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༣
[A:༧༠༣] བདག་མེད་མ། ཕུར་པ། གུར་དྲག་སོགས་ཐུགས་དགོངས་ཟབ་མོ་རྫོགས་ཐབས་སྤྱི་དང་བྱེ་བྲག་ཐམས་ཅད་འཇམ་མགོན་གོང་མ་མཆོག་གི་བཀའ་གསང་གིས་འདོམས་པར་མཛད་ཅིང༌། གཞན་ཡང་ཡར་ཀླུངས་མཆོག་སྤྲུལ་རིན་པོ་ཆེ་དཔོན་གཡོག་ནས་བདུན་གསུམ་རིང་ཀྱེ་རྡོར་དང༌། བཅོ་བརྒྱད་སྐུ་མཆེད་ནས་ཀུན་རིག་སོགས་དགོངས་པ་ཟབ་མོ་རྫོགས་ཐབས་རྒྱ་ཆེ་རྒྱུན་ཁྱོངས་སུ་མཛད་སྐབས་སྤྱི་སྒེར་ནས་མཆོད་འབུལ་བསྙེན་བཀུར་གཟབས་མས་དུས་འདས་ཤིང༌། དགུང་ཞག་ཐེམ་ཉིན་ཀྱང་རྩེ་ཤོད་ནས་མཆོད་པ་བསྙེན་བཀུར་བླ་ན་མེད་པ་སོགས་མཛད་སྐབས་སུའང་ནམ་མཁའ་དངས་ཤིང༌། འཇའ་འོད་འཁྱིལ་བ་དང༌། མེ་ཏོག་གི་ཆར་ནི་རྟག་པར་ཁོར་མོ་ཡུག་དང་ལོ་ལྟར་དུས་དྲན་གྱི་ཐོག་ཏུའང་འབབ་པར་བྱེད་དོ། །བདུན་ཕྲག་གཉིས་ཀྱི་རིང་ཆོས་སྡེ་ལྷོ་བྱང༌། ཆོས་ལྷུན། རིན་སྒང༌། སྔགས་དྲུག་སོགས་ནས་བླ་མཆོད། སྨོན་ལམ། གསོལ་འདེབས་ལེ་ཚན་རྣམས་ལ་རྟག་འགྲུས་དང༌། མང་ཇ་བརྒྱ་མཆོད། སྟོང་མཆོད། སྙན་ཤལ་སོགས་ནི་གྲངས་མང་སྩལ་ཞིང༌། དབུས་གཙང་མངར་རིས་ལྷོ་ཕྱོགས་དང་བཅས་པའི་གྲུབ་མཐའ་རིས་མེད་དགོན་བཞི་བརྒྱ་བརྒལ་ཙམ་ལ་མང་ཇ། བསྔོ་རྟེན། སྤྱི་འབྱེད་དངུལ་སྲང་བརྒྱ་དང་ལྔ་བཅུ་རི་བ་ནས་གཉིས་གསུམ་རི་བའི་བར་དུ་འདུས་པ་མང་ཉུང་དང་བསྟུན་པ་དང༌། ངོར་གོང་མུས་བཀྲ་ཤིས་ཆོས་སྡེ་སོགས་རང་ལུགས་ཀྱི་དགོན་ཆེན་འགའ་ཞིག་ཏུ་དམིགས་བསལ་གྱི་དགོངས་རྫོགས་སྒྲུབ་མཆོད་དགོས་ཆ་ཡོན་སོགས་བཟང་པོར་བསྟབས་ཤིང༌། གཞན་ཡང་རྒྱལ་དབང་རིན་པོ་ཆེར་གཙོས་ལྡན་གྱི་ཚན་བཅུ་གཉིས། ཁྲི་ཆེན་ལ་དེ་བཞིན་བརྒྱད། བསྟན་རྒྱས་གླིང་དུ་མཆོག་སྤྲུལ་རིན་པོ་ཆེར་བཞི། བཀའ་ཤག་ལྷན་དུ་དེ་བཞིན། ཕུར་ལྕོག །ལོ་སེམས་དཔའ། འོན་རྒྱལ་སྲས། སླེ་ལུང༌། སྨིན་གླིང༌། དངོས་གྲུབ་སྡིངས། ཛ་ལུང་པ། བསམ་སྡིང་ས་རྗེ་བཙུན་སོགས་ལ་རེ་རེ། བླ་བྲང་མཆོག་ཏུ་ཐམས་ཅད་