R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༨
[A:༧༠༨]ཉེར་འཚེས་དབེན་པའི་བཀྲ་ཤིས་ཤོག །ཅེས་དམ་པ་གང་གི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་སྒྲོ་སྐུར་ཀུན་བྲལ་དྲང་གཏམ་ཡིད་ཆེས་ལས་འབྲས་ཁུངས་ཐུབ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས་ཞེས་བྱ་བ་འདི་ནི། རྗེ་མཁས་གྲུབ་དབང་པོ་གང་གི་གསུང་འབུམ་པུསྟ་ཀར་ལོངས་དང་མ་ལོངས་པའི་ཤོག་དྲིལ་ཟིན་བྲིས་རྣམས་དང༌། ཁྱད་པར་རྗེ་ཉིད་དགུང་གྲངས་སུམ་ཅུ་སྐོར་གྱི་མཛད་པའི་ཟིན་བྲིས། རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་ཞལ་སྐོང་ལས་བྱུང་བའི་འཇམ་མགོན་མཐུ་སྟོབས་དབང་ཕྱུག་གི་རྣམ་ཐར་དང༌། རྗེ་གནས་གསར་པ་ཆེན་པོའི་རྣམ་ཐར་ལྗགས་རྩོམ་མ་རྣམས་ལ་གཙོར་བརྟེན། ཁུངས་ལྡན་རྣམས་ལ་ཞིབ་འཇུག་ཡང་དག་བགྱིས་ནས་རང་བཟོའི་སྒྲོ་སྐུར་བབ་ཅོལ་གྱི་རིགས་སྤངས་ཏེ་ཕན་ཚུན་ལྷུ་སྒྲིག་ཚིག་སྡེབ་རྒྱས་བཤད་དོན་བསྡུ་བཅས་གོ་རིམ་མ་འཆོལ་བའི་ལུགས་སུ་གནད་བསྡུས་ལྟ་བུར། གང་གི་ཐུགས་རྗེ་དང་འཇམ་མགོན་གོང་མ་བདག་པོ་ཆེན་པོའི་བཀའི་ཕྲིན་ལས་པ་དང་བཅས་པའི་བཀའ་སྩལ་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་ཏེ། ལྷག་བསམ་དག་པས་ཞུས་ཤིང༌། ད་དུང་འདིར་མེད་དུ་མི་རུང་བའི་ངོ་མཚར་འདྲ་ཡོད་ཚེ་མཁས་གྲུབ་བློ་ལྡན་རྣམས་ནས་བསྣོན་པར་ཞུ་ཞིང༌། རང་ཉིད་ནས་ཀྱང་དེ་བཞིན་ཞུ་རྩིས་དང༌། གཞན་དགོས་གལ་ཆེ་རིགས་མ་གཏོགས་གོང་སྨོས་བཞིན་རྗེ་དེའི་མཛད་པ་མཐའ་དག་པ་སྨྲ་བ་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ངལ་བར་འགྱུར་བས་ན། འདི་ཉིད་རྩོམ་སྐབས་ཀུན་ལ་རྒྱུས་ཡོད་པས་དེ་དུས་ངོ་མཚར་འདི་འདྲའང་ཡོད་པས་མ་ཆད་པ་གྱིས་ཤིག་མི་ཟེར་བཞིན་དུ་བློ་ངན་བྱིས་བློའི་ངང་ཚུལ་ཅན་དག་ནས་འདི་ཙམ་རྩོམ་པ་པོས་ལུས་སོ་ཞེས་མཛུབ་རྩེར་ཁུར་འོས་ཀྱང་མིན་པ་བཅས་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་བཞིན། སྐུ་ལྷུམས་ཞུགས་ནས་བཟུང་ནར་མར་ནག་འགྲོས་ལྟ་