R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༩
[A:༧༠༩]བུའི་ཚུལ་དུ་ཞུས་ཤིང༌། གཞན་མཛད་པ་ཕན་ཚུན་ཕྱོགས་བསྡོམས་ཀྱིས་ལྷུ་བསྒྲིགས་བགྱིས་ཚེ་གཞན་ལས་ཆེས་ཆེར་ངོ་མཚར་བའི་རྣམ་ཐར་དཔེར་འོས་པ་ལྟ་བུ་ཞིག་ཡོད་འདུག་ནའང༌། ད་ལམ་རྗེ་དེའི་དགོངས་པ་ལས་གཞན་དུ་གྱུར་བ་མ་ཞུས་ཤིང༌། ཉུང་འདུས་ངོ་མཚར་ཅན་ཞིག་སླར་ཞུ་འདོད་ཡོད་ལགས། བློ་གྲོས་ཅན་རྣམས་ཀྱིས་མགོ་མཇུག་ཚང་བ་ཞིབ་མོའི་བློས་རྟོག་དཔྱོད་མཛད་པས་ངོ་མཚར་ཆེ་ཆུང་དགོངས་པ་དྭངས་པར་ཡོད་ཅིང༌། གཞན་དུ་གཟུ་ལུམས་ཅན་དག་གིས་ཤོག་བུ་ཁ་ཤས་བཀླགས་ཏེ་སྨྲ་བ་པོར་གཤེ་བའི་ཚུལ་གྱིས། རྗེ་དམ་པའི་རྣམ་ཐར་ལ་སྨོད་པའང་དུས་དང་གནས་སྐབས་ཀྱི་དབང་གིས་མི་འོང་པའི་ངེས་པ་མེད་ཅིང༌། སྙན་ངག་མཁན་དག་ནི་དོན་བསྡུ་འདིར་ཞིབ་དཔྱོད་ཀྱིས་མཛད་པ་མདོ་ཙམ་རྟོགས་ནུས་ཤིང༌། གང་ནའང་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་གསང་གསུམ་དྲན་པ་དང༌། འཇམ་མགོན་གོང་མ་བདག་པོ་ཆེན་པོ་ཞལ་རྣམ་གཉིས་བཀའི་ཕྲིན་ལས་པ་དང་བཅས་པའི་གསུང་གིས་གནང་བ་སྩལ་མ་ཐག་ནས་འགོ་བརྩམས་ཏེ་ཁྲོ་མོ་ཤིང་འབྲུག་ལོའི། རྫོགས་པའི་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཆེན་ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་གཅིག །རྗེ་རྡོ་རྗེ་འཆང་ཉིད་ཀྱི་འཁྲུངས་ཚེས་སུའང་གྱུར་པ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཉིན་དབུས་གཙང་རུ་བཞི་ལས་རུ་ལག་གི་སའི་ཆ། བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་སྤྲུལ་པའི་གནྡྷོ་ལ་ཆེན་པོའི་ཉེ་འདབས་རྗེ་བཙུན་བརྩེ་ཆེན་སྙིང་པོའི་སྣང་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་དྲུང་དུ་རྗེ་དེ་ཉིད་ཀྱི་བཀའ་འབངས་ཀྱི་ཐ་ཤལ་རྨོངས་རྟུལ་གྱི་ན་བ་ཀུན་བཀྲས་ཀྱིས་རྫོགས་པར་བགྱིས་པའི་དགེ་བས། རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་མི་ཉམས་དབྱར་མཚོ་ལྟར་རྒྱས་པ་དང༌། དེ་འཛིན་གྱི་སྐྱེས་ཆེན་དམ་