R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༧
[A:༧༠༧]རིང་དུ་བརྐྱངས་ཏེ་མཆོག་གསུམ་སྤྱན་སྔ་རུ། །མཐོལ་བཤགས་རྟེན་དུ་འབུལ་གྱིས་དག་པར་མཛོད། །ཆད་ལྷག་འགལ་ཟློས་མུ་ཅོར་སྨྲ་བའི་སྐྱོན། །ཅི་མཆིས་ཐོག་མེད་སྡིག་དང་ལྷན་བཤགས་ནས། །གང་གི་མཛད་ཕྲིན་དྲི་བསུང་མངར་པོའི་རྒྱུན། །ཡིད་གཉིས་སྤངས་ཏེ་ཕྱོགས་བརྒྱར་བསྐུ་བར་ཤོག །ཚེ་རབས་བགྲངས་ཡས་ངལ་བ་ཁྱད་བསད་ཅིང༌། །གཏན་འདུན་སྒྲུབ་པའི་དམ་བཅའ་སྙིང་བཀོད་ནས། །བརྩོན་འགྲུས་དང་འགྲོགས་འབྲས་བུ་སྒྲུབ་པ་བས། །དོན་ཡོད་སྟོང་ལྷག་ལས་འདི་གྲུབ་པས་བདེ། །གང་གི་གསུང་གི་གདམས་པས་རྒྱུད་བརླན་ཞིང༌། །རྣམ་ཀུན་ཐུགས་རྗེས་འཚོ་བའི་དབུགས་དབྱུང་གིས། །གནང་བ་ཐོབ་དང་ལྷན་ཅིག་བླ་མ་དང༌། །མགོན་པོ་དབྱེར་མེད་མཐོང་བའང་སྐལ་བ་བཟང༌། །དམ་པ་མཆོག་དང་དབྱེར་མེད་འཁོན་སྟོན་རྗེའི། །བྱིན་རླབས་སྙིང་གི་ཆུ་མཚོར་ཉེར་སིམ་སྟེ། །རྟོགས་བརྗོད་རིན་ཆེན་སྡེ་བཞིའི་ཡུར་ལམ་ནས། །དྲངས་པའི་རྒྱུན་འདི་སྐྱེ་དགུའི་དད་མཆོར་རོལ། །ལྷག་བསམ་གཡས་སུ་འཁྱིལ་བའི་ཤང་ཁ་ཡིས། ལོག་སྨྲ་འཛིན་ཁྲིའི་རྒྱུ་བ་ཉེར་བཅོམ་ནས། །རིས་མེད་རྒྱལ་བསྟན་ཆོས་འཁོར་བསྐོར་བའི་སྒྲས། །ས་སྟེང་ཁྱབ་ཅིང་དེ་འཛིན་སྐུ་ཚེ་བརྟན། །ཁྱད་པར་རིགས་ལྔ་རྡོ་རྗེ་འཆང་ཆེན་བཅས། །བསྟི་བའི་གནས་འདིར་རིགས་གསུམ་སྤྲུལ་པའི་གར། །ནམ་ཡང་མི་ནུབ་དཔག་བསམ་ཤིང་ཆེན་གྱི། །འདོད་འཇོའི་རྗེས་འགྲོར་མཛོད་ཅིག་དྲིན་ཅན་རྗེ། །སྐྱབས་གཅིག་འཁོན་སྟོན་ཉི་ཟླའི་འོད་སྣང་གིས། །འཛམ་གླིང་གཞི་ཆེན་ཁྱོན་ལ་ཉེར་དཀྲིགས་ཏེ། །མཛད་ཕྲིན་སྐུ་ཚེ་རྒྱས་པའི་དཔལ་ཡོན་གྱི། །དགེ་ལེགས་ཕྱུར་པོར་ལུད་པའི་བཀྲ་ཤིས་ཤོག །འདི་ཉིད་སྐྱོང་ཞིང་དགེས་པའི་མཚན་མ་ཡིས། །བདག་ཡིད་འཕྲོགས་སོ་བླ་མ་རྡོ་རྗེ་གུར། །ནམ་ཡང་འབྲལ་མེད་ཐུགས་རྗེའི་གུར་ཁང་དུ། །རྗེས་འཛིན་