R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༡༠
[A:༧༡༠]པ་སྤྱི་དང་བྱེ་བྲག་འཇམ་མགོན་གོང་མ་རིན་པོ་ཆེ་ཞལ་རྣམ་གཉིས་འབྱོན་འགྱུར་དང་བཅས་པའི་སྐུ་ཚེ་མཛད་ཕྲིན་དཔག་བསམ་གྱི་ཤིང་ཆེན་ལྟར་རྒྱས་ནས། མ་གྱུར་འགྲོ་བ་ཀུན་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །། ༈ སྭ་སྟི། ཟབ་ཞི་སྦྲོས་བྲལ་ལྷུན་གྲུབ་གདོད་མའི་དབྱིངས། །རིག་གདངས་སྙིང་རྗེའི་རྒྱ་ཡིས་ཡོངས་འཁྱུད་པས། །གཟུགས་སྐུའི་སྒྱུ་འཕྲུལ་དྲྭ་བ་འབྱམས་ཀླས་སུ། །སྤྲོ་བར་མཛད་པ་བདེ་གཤེགས་ཡོངས་ཀྱི་ཆོས། ༡ །དེ་ལས་རྒྱལ་ཀུན་ཇི་ལྟ་ཇི་སྙེད་ཀྱི། །ཡེ་ཤེས་མེ་ལོང་གཞོན་ནུའི་རྫུ་བག་ཅན། །ཀཻ་ལཱ་ཤ་རིའི་སྐྱེ་དགུ་བསྲུང་སླད་དུ། །ཧེ་རུ་ཀ་ཡི་བརྟུལ་ཞུགས་ལ་རོལ་བ། ༢ །གདོད་ནས་མ་རིག་དང་འཁོན་ཡེ་ཤེས་ཀྱི། །སྟོབས་བཅུའི་དཔུང་གིས་བདུད་བཞིའི་གཡུལ་ཕམ་པས། །ང༷ག་དབ༷ང་ཀུན༷་དག༷འི་བློ་གྲོས༷་ས༷ངས་རྒྱས༷་ཀྱི། །ལེགས་གསུང་བསྟན༷་པ༷འི་རྒྱལ༷་མཚ༷ན་འཛིན་མཁས་དེ། ༣ །རིགས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་ཆ། །ཡོན་ཏན་ཕུང་པོར་འཆར་བའི་འཕྲུལ་ཇི་སྙེད། །དྲི་བྲལ་དུ་ཀཱུ་ལ་ཡི་གོས་གཅིག་གིས། །བཅིངས་པའི་སྒྱུ་འཕྲུལ་རྨད་བྱུང་གཅམ་བུ་མིན། ༤ །གསང་གསུམ་སྒྱུ་མའི་རོལ་པ་ཐུན་མོང་དང༌། །ཐུན་མོང་མ་ཡིན་དག་དང་མ་དག་པའི། །གདུལ་བྱའི་ཡུལ་ལ་ཇི་ལྟར་མཚམས་པའི་གར། །བསྒྱུར་ཚུལ་སྒྲ་དང་རྟོག་པའི་རྗེས་འགྲོ་བ། ༥ །མིང་ཚིག་ཡི་གེའི་གཟུགས་སུ་ཤར་བས་ཀྱང༌། །ཐོས་དང་བསམ་པའི་དགེ་མཚན་སྲིད་གསུམ་ན། །སྐལ་བར་ཆེ་བའི་རྟོག་བརྗོད་ཨ་མྲྀ་ཏ། །ཀུན༷་དག༷འ་བཀྲ༷་ཤིས་མཁྱེན་མཚོ་བསྲུབས་ལས་སོ། ༦ །གང་དེ་བརྩེ་ཆེན་རིང་ལུགས་ཆུ་ཤེལ་དབང༌། །དད་སྟོབས་འབྱོར་པའི་རལ་པས་གུས་མཆོད་པ། །