R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༡༡
[A:༧༡༡]སྡེ་བཞི་དགེ་བཅུའི་རྒྱལ་ཁབ་གངས་རིའི་བདག །སྲས་ལྕམ་ཡུམ་དང་བཙུན་མོར་བཅས་པ་ཡིས། ༧ །དད་པས་ཀུན་ནས་བསླངས་པའི་ལྷག་བསམ་གྱིས། །ཕྱི་མོ་གཅིག་ལས་དུ་མ་འབྱུང་བའི་འཕྲུལ། །སྦྱོར་དངོས་རྗེས་གསུམ་དག་པའི་འདུ་བྱེད་ཀྱིས། །མཐུན་རྐྱེན་མ་ཚང་མེད་པས་ལེགས་པར་བསྒྲུབས། ༨ །དགེ་བ་དེས་མཚོན་དུས་གསུམ་བདག་གཞན་གྱི། །བྱ་བྱེད་དང་འབྲེལ་དགེ་ཚོགས་གཅིག་བསྡོམས་ཏེ། །འགྲོ་ཀུན་རྣམ་མཁྱེན་སྐུ་བཞིའི་གོ་འཕང་མཆོག །འཐོབ་རྒྱུར་ཡོངས་བསྔོ་རྣམ་པར་དག་གྱུར་ཅིག ༩ །གནས་སྐབས་སུ་ཡང་ཚེ་དཔལ་འབྱོར་པ་སོགས། །སྲིད་ཞིའི་དཔལ་ཀུན་མ་ཚང་མེད་པས་འབྱོར། །བར་ཆད་བགེགས་དགྲ་ནང་འཁྲུགས་མི་མཐུན་ཕྱོགས། །མ་ལུས་མིང་གི་ལྷག་མ་ཉིད་གྱུར་ཅིག ༡༠ །དམ་པའི་རྣམ་པར་ཐར་ལ་རྗེས་སློབ་ཅིང༌། །དམ་པ་མཆོག་རྣམས་མཉེས་པའི་སྤྱོད་ལ་འགྲུས། །དམ་པ་མཆོག་གིས་རྗེས་བཟུང་རྣམ་གྲོལ་ནས། །དམ་པའི་ཐུགས་དང་རོ་གཅིག་དབྱེར་མེད་ཤོག། ༡༡ སརྦ་མངྒ་ལཾ་སིདྡྷིནྟུ།། །།དགེའོ། ། ༅། །སྐྱབས་ཀུན་འདུས་ཞལ་རྣམ་འདྲེན་སྲིད་ཞིའི་མགོན། །བཀའ་དྲིན་མཉམ་མེད་ཀུན་དགའ་བློ་གྲོས་ཀྱི། །ངོ་མཚར་རྣམ་ཐར་གསོལ་འདེབས་ལེགས་བྱས་ཀྱི། །གཏམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་དངར་བཞུགས།། །། ༈ བོད་སྐད་དུ། མཁའ་ཁྱབ་ཆོས་སྐུ་དབྱིངས་ཀྱི་ཕོ་བྲང་ནས་རིག་པ་རང་མདངས་ཀྱི་གསལ་སྣང་རྫོགས་པ་ངེས་པ་ལྔ་ལྡན་གྱི་ཐུགས་རྗེ་རྟོག་མེད་ལྷུན་གྲུབ་གང་འདུལ་གྱི་རོལ་པ་ཤར་བ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་ལེགས་བྱས་གཏམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་དངར་ཞེས་བྱ་བ། སྐྱབས་གནས་ཀུན་འདུས་གྲུབ་གཉིས་སྩོལ་