R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༤
[A:༣༤༤]ཀྱི་དང་པོ་ཁ་ཕྱར་མར་ཡབ་ཉེར་གསུམ་ཆུ་སྤྲེར་ཆོས་ཀྱི་རྒྱལ་མཚན་འཁྲུངས་ཤིང་ཉེར་བརྒྱད་ས་ཕག་ལ་གཤེགས། བཙུན་མོ་གཉིས་པར་ལུང་བསོད་དཔལ་མའི་སྲས་སུ་གཅུང་པོ་བློ་རྒྱལ་བ་འཁྲུངས་པ་དང༌། ཆོས་རྒྱལ་མཚན་གྱི་བཙུན་མོ་དང་པོ་ཆུ་མདོ་རྒྱལ་མོ་མཚོར་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དང༌། གཉིས་པ་ཉང་སྟོད་སྲས་སྐྱབས་ལ་དྷརྨ་དྷྭ་ཛ་དང་རྡོ་རྗེ་རིན་ཆེན་གཉིས་བལྟམས། གསུམ་པ་ལྷོ་བ་དཔལ་ལྡན་འབུམ་ལ་བསོད་ནམས་བཀྲ་ཤིས་ཡབ་ཉེར་གཅིག་ཆུ་འབྲུག་ལོར་འཁྲུངས་ཤིང་ང་དྲུག་མེ་ཕག་ལ་གཤེགས་པ་དེའི་དབུ་བླ་ནི། གཞི་ཐོག་བདག་པོ་ཀུན་དགའ་རིན་ཆེན། ས་བཟང་མ་ཏི། ཆོས་རྗེ་བླ་མ་སོགས་བསྟེན་ཅིང་ཞལ་སློབ་ཀྱང་མང་དུ་བྱུང་བ་དེའི་བཙུན་མོ་བྱང་མོ་མ་གཅིག་ནམ་པར་ཡབ་གཤེགས་པའི་ཕྱི་ལོ་ས་བྱིར་བདེ་ལེགས་བཀྲ་ཤིས་བལྟམས་པའི་དགུང་གྲངས་དབུ་བླ་ཞལ་སློབ་རྣམས་མི་གསལ། དེའི་བཙུན་མོ་བྱང་བདག་སྲས་མོར་བསོད་ནམས་རྒྱལ་མཚན། ཤཱཀྱ་སེང་གེ །དོན་གྲུབ་རྒྱལ་མཚན། བསམ་འགྲུབ་རྒྱལ་མཚན་ཏེ་སྲས་བཞི་བྱོན་པ་ལས། ཤཱཀ་སེང་བཙུན་མོ་དང་པོ་གཅུང་དཔོན་མོར་ཀུན་བཀྲས། ཀུན་རྒྱལ། ཀུན་དགའ་སྙིང་པོ་སྟེ་གསུམ་དང༌། གཉིས་པ་མ་གཅིག་ཡུམ་པར་རིན་ཆེན་རྒྱལ་མཚན་ཞེས་སྐུ་མཆེད་མཚན་འདྲ་བ་རྣམ་གཉིས་འཁྲུངས། ཀུན་དགའ་རྒྱལ་མཚན་བཙུན་མོ་གླིང་ཁ་དཔོན་དཀར་མོར་ཆོས་ཀྱི་རྒྱལ་མཚན་དང༌། ཀུན་དགའ་ལེགས་པ་འཁྲུངས་པ་རྣམས་ནི། ལྷ་ཁང་བླ་བྲང་པའི་གདུང་རབས་སུ་གྲགས་པ་རྣམས་སོ།། །། ༈ དེ་ནས་དུས་མཆོད་བླ་བྲང་པའི་གདུང་རབས་ནི། ལུང་ཕུད་ལྔ་པ་རེ་མདའ་མ་ཉི་མ་རིན་ཆེན་མའི་སྲས་སུ་ཉི་མ་དཔལ། ལྕམ་གཅིག །ཀུན་དགའ་ལེགས་འབྱུང་དང་གསུམ་འཁྲུངས་པའི་ཕྱི་མ་ཡབ་ཞེ་བདུན་ས་སྤྲེར་བལྟམས་ཤིང་ཉེར་དགུ་མེ་བྱིར་གཤེགས་པ་དེའི་བཙུན་མོ་དང་པོ་གུང་ཐང་ཀུན་སྐྱོང་མར་ལྕམ་གཅིག་འཁྲུངས། གཉིས་པ་ངམ་རིང་དགེ་འབུམ་གྱི་