R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༣
[A:༣༤༣]ནམས་དཔལ། རྒྱལ་སྲས་ཐོགས་མེད། ཆོས་དཔལ་བཟང་སོགས་བསྟེན་ནས་ཚོགས་ཆོས་གསུངས་པས། ཞལ་སློབ་ཀྱང་ཤིན་ཏུ་མང་བ་དེའི་བཙུན་མོ་ཞ་ལུ་མ་ཡོན་ཏན་དཔལ་འབུམ་གྱི་སྲས་སུ་ཉི་མ་རྒྱལ་མཚན་དང༌། ཟླ་བ་རྒྱལ་མཚན་གཉིས་བལྟམས་པའི་ཕྱི་མ་ལ་བླ་ཆེན་ཀུན་དགའ་རྒྱལ་མཚན་ཞེས་གྲགས་པ་དེ་ཡབ་སོ་ལྔ་ཤིང་སྤྲེར་འཁྲུངས་ནས། ས་ཁྱི་དོན་ལྔར་གཤེགས་པ་དེའི་དབུ་བླ་ནི། ཆོས་རྗེ་བླ་མ། མཉམ་མེད་གྲགས་རྒྱལ་སོགས་བསྟེན་ཅིང་ཞལ་སློབ་ས་བཟང་འཕགས་པ་དང༌། ཐེག་ཆེན་ཀུན་དགའ་བཀྲ་ཤིས་སོགས་སོ། །བཙུན་མོ་ཞ་ལུ་མ་ནམ་མཁའ་རྒྱལ་མོར་ཡབ་ང་ལྔ་ས་སྟག་ལོར་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་འཁྲུངས་ཤིང༌། དོན་ལྔ་པ་ཆུ་འབྲུག་ལོར་གཤེགས་པ་དེས་ཡབ་དང༌། ཐེག་ཆེན་རྗེ། བསོད་ནམས་རྒྱལ་མཆོག །རྡོ་རྗེ་རྒྱལ་མཚན་སོགས་དབུ་བླར་བསྙེན་ཅིང༌། དེའི་གཅུང་བདག་ཆེན་ཞྭ་ལུ་བ་བསོད་ནམས་རྒྱལ་མཚན་ལྕམ་མོ་གཉིས་དང་བཅས་པར་སྲས་ལྕམ་སྲིང་བཞིར་གྲགས་ཤིང༌། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱི་བཙུན་མོ་ཁྲོ་མདའ་མ་དཔལ་འབྱུང་རྒྱལ་མོར་སྲས་མོ་བཞི་དང༌། སྲས་གཉིས་ཀྱི་ཆེ་བ་རྒྱ་གར་ཤེས་རབ་རྒྱལ་མཚན་དང་ཆུང་བ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། བདག་ཆེན་ཞྭ་ལུ་པའི་བཙུན་མོ་ལྡན་ཡུལ་མ་ཀུན་དགའ་འབུམ་ལ་གྲགས་པ་རྒྱལ་མཚན་འཁྲུངས་པ་སྟེ་དེ་རྣམས་ནི། བླ་བྲང་རིན་ཆེན་སྒང་པའི་གདུང་རབས་སུ་གྲགས་པའོ།། །། ༈ དེ་ནས་ལྷ་ཁང་བླ་བྲང་པའི་གདུང་རབས་ནི། ལུང་ཕུད་བཙུན་མོ་བཞི་པ་ཤ་ཟུག་མ་ཀུན་དགའ་ནམ་མཁའི་རྒྱལ་མཚན་ཞེས་བྱ་བའི་སྲས་སུ་དབང་ཀུན་དགའ་ལེགས་པའི་འབྱུང་གནས་དང༌། ཀུན་དགའ་རྒྱལ་མཚན་གཉིས་འཁྲུངས་པའི་ཕྱི་མ་ཡབ་ཞེ་དགུ་པ་ལྕགས་ཁྱིར་འཁྲུངས་ནས། ཞེ་དགུ་ས་ཁྱིར་གཤེགས་པ་དེའི་བཙུན་མོ་གཉིས་