R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༠
[A:༣༥༠]ཆོས་འཕེལ། གོང་དཀར་བ་བློ་གྲོས་དབང་ཕྱུག །ངོར་ཆེན་བསོད་ནམས་བཟང་པོ། ཐར་རྩེ་རྡོ་རྗེ་འཆང༌། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོ། ལྷ་ཆེན་མཁན་པོ་དབང་ཕྱུག་ཕུན་ཚོགས། ཛ་ལུང་བ་ཕྲིན་ལས་རྡོ་རྗེ་གསང་སྔགས་བསྟན་འཕེལ་སོགས་བསྙེན་ཅིང་ཞལ་སློབ་ཀྱང་ཐར་རྩེ་རྗེ། གནས་གསར་རྗེ། བྲག་རྩ་རྗེ། རྗེ་རྡོ་རྗེ་འཆང་སྐུ་མཆེད་སོགས་བསྟན་འཛིན་མང་དུ་བསྐྲུན་པར་མཛད། མགོན་དེའི་བཙུན་མོ་དང་པོ་བཞད་ཆོས་མའི་སྲས་གཉིས་ཆུང་ངུར་གཤེགས་ཤིང༌། ཕྱི་མ་འགྲོ་མགོན་མ་བསོད་ནམས་དཔལ་གྱི་དབང་མོ་དེ་ཉིད་ནི་གོང་གི་འོག་ཏུ་འཆད་རྒྱུའི་ཆོ་འབྲང་ཕུན་སུམ་ཚོགས་པ་སྟེ། དེ་ཡང་སྔོན་མཁན་སློབ་ཆོས་གསུམ་སྐབས་ཀྱི་རྗེ་འབངས་ཉེར་ལྔའི་གྲས། དཀོན་མཆོག་འབྱུང་གནས་ཐོག་ཆེན་མདའ་ལྟར་འཕེན། ཞེས་ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐུ་བརྒྱུད་ལས་འཕེལ་ཞིང༌། ཨཽཌྱིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རིང་ལུགས་པ་མཐུ་སྟོབས་དང༌། ནུས་པའི་བདག་ཉིད་ཅན་ཤ་དག་ཏུ་བྱོན་པ་ཀོ་ཅག་སྔགས་པའམ་འགྲོ་མགོན་པར་གྲགས་པའི་སྲས་མོ་མཁའ་འགྲོའི་མཚན་ཅན་དེ་ཉིད་ལ། སྲས་མོ་བཞི་དང་གདུང་བརྒྱུད་གསུམ་སྟེ་བདུན་བྱོན་པ་ལས། དྲུག་པའི་བཙུན་མོར་སྒེར་པ་བཀྲ་ཤིས་དབྱངས་ཅན་ལས་ད་ལྟའི་རྗེ་བཙུན་དྲུང་འདི་ཉིད་དང༌། གསུམ་པ་ནི། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། འཇིག་རྟེན་གསུམ་གྱི་མ་རིག་པའི་མུན་པ་འཕྲོག་པའི་ཕན་བདེའི་སྒྲོན་མེ། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་ཏུ་གྱུར་པ་སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ། མཁས་གྲུབ་རྒྱུ་སྐར་གྱི་དབྱིངས་ན་མཚན་དཔེའི་སྣང་བ་འཕྲོ་བའི་བསིལ་སྦྱིན་མཁན་པོ། མཁས་དང་བསྟན་པའི་བགྱི་བར་གཞན་དྲིང་མི་འཇོག་པའི་སྤོབས་པ་གཟེངས་མཐོ་བ། མདོར་ན་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་དུ་