R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༩
[A:༣༤༩]བལྟམས་ནས་ཞེ་བརྒྱད་ཤིང་གླང་ལ་གཤེགས་པ་དེས་ཡབ་དང༌། ངག་དབང་རྣམ་རྒྱལ། རིན་ཆེན་བསོད་ནམས་མཆོག་གྲུབ། ཀ་སྤེ་བ་བསྟན་པ་རབ་རྒྱས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། བྱང་བདག་བསོད་ནམས་གྲགས་པ། ལ་རུ་བ་ངག་དབང་དཔལ་བཟང་སོགས་བསྙེན་ནས་ཉིད་ཀྱི་རིགས་སྲས་སོགས་ཞལ་སློབ་ཀྱང་མང་དུ་བསྐྲུན། མགོན་དེའི་བཙུན་མོར་བདག་ཆེན་ཤར་པ་པད་དཀར་བུ་འཁྲིད་བཞེས་པར་ཡབ་བཅུ་དགུ་མེ་སྤྲེར་ངག་དབང་ཀུན་དགའ་བཀྲ་ཤིས་འཁྲུངས་ཤིང་ང་དྲུག་ལྕགས་ཡོས་ལ་གཤེགས་པ་དེས་འཇམ་མགོན་ཨ་མེས་ཞབས། ཉིད་ཀྱི་ཡབ་རྗེ། ངག་དབང་རྣམ་རྒྱལ། བསྟན་པ་རབ་རྒྱས། ལྷུན་གྲུབ་དཔལ་ལྡན། བཟང་པོ་རྒྱལ་མཚན། སངས་རྒྱས་ཕུན་ཚོགས། སྨིན་གླིང་ལོ་ཆེན། ཛ་ལུང་པ། བཅོ་བརྒྱད་ཆེན་མོ་སོགས་ལས་གསན་པ་རྒྱ་མཚོའི་མཐར་སོན་ཅིང་རིགས་སྲས་མཆོག་སོགས་ཞལ་སློབ་ཀྱང་མང་དུ་བྱོན། དེའི་གཅུང་གཞོན་ནུར་གཤེགས། བཙུན་མོ་དང་པོ་སྔོན་དུས་རླངས་བཟའ་ནེ་ཆུང་མ་སོགས་སྐུ་གཉེན་དང༌། དུས་ཕྱིས་སི་ཏུ་བྱང་རྒྱལ་སོགས་བསྟན་དགྲའི་བརྒྱུད་སྣེའུ་གདོང་མ་བཀྲ་ཤིས་དབང་མོར་སྲས་མི་མངའ། ཕྱི་མ་སྐུ་ཞང་རྔ་སྒྲའི་སྲས་མོ་མཁའ་འགྲོ་འབུམ་ནས་བཟུང་ས་སྐྱ་པའི་སྐུ་ཞང་རང་བཞི་ཙམ་མཛད་པའི་བརྒྱུད་པ་འཕན་ཡུལ་བཅོ་བརྒྱད་པའི་སྲས་མོ་བསྟན་འཛིན་བསོད་ནམས་བཟང་མོར་ཐོག་མར་གདུང་གཉིས་བལྟམས་ཀྱང་བསྟན་གེགས་ཀྱིས་ཆུང་ངུར་གཤེགས། དེ་ནས་རྗེ་བཙུན་དྲུང༌། དེ་ནས་འཇམ་དབྱངས་བསོད་ནམས་རིན་ཆེན་ཡབ་ལྔ་བཅུ་ཤིང་བྱར་འཁྲུངས་ཤིང་སོ་བདུན་ལྕགས་བྱར་གཤེགས། དེས་ཡབ་རྗེ་དང༌། བསྟན་འཛིན་ཕུན་ཚོགས། ལྷ་བཙུན་ཀུན་བཟང་པ་བཅོ་བརྒྱད་མཁྱེན་བརྩེ་རབ་བརྟན། སྟག་རྩེ་བྱམས་པ་ལྷ་དབང་རིག་འཛིན། མཆོད་དཔོན་དཀོན་མཆོག་རྒྱལ་པོ། སྒྲོ་ལུང་པ་མང་ཐོས་བསོད་ནམས་