R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༤
[A:༣༥༤]ནས་ནོར་བུ་ཡིན་ཟེར་བའི་རྡོ་བ་ཁ་དོག་མི་འདྲ་བ་གསུམ་རྙེད་པས་ཁོ་མོ་འགྲོ་བའི་གཙུག་ལག་ཁང་དེར་འབུལ་རྒྱུ་ཡོད་འདྲ་དགོངས་སྐུ་ཧྲག་ཏུ་བསྣམས་པ་ཤར་ཞིང༌། དེ་དུས་རིགས་གསུམ་ལྷ་ཁང་གི་སྐུ་གཉེར་མཛད་དགོས་ཟེར་བ་ནི། རྗེ་བཙུན་ས་སྐྱ་པའི་གདུང་རབས་ལ་རིགས་གསུམ་མགོན་པོའི་སྤྲུལ་པ་འབྱོན་པར་སྔོན་གྱི་མཁས་གྲུབ་དུ་མས་བཤད་ཅིང་དོན་ལའང་གནས་པ་བཞིན་གདུང་སྲས་གསུམ་འབྱོན་འགྱུར་དང༌། ནོར་བུ་ཁ་དོག་མི་འདྲ་བ་གསུམ་རྙེད་པ་ཡང་ཡིད་བཞིན་ནོར་བུ་ལྟ་བུའི་གདུང་རབས་གསུམ་ལའང་སྐུ་ཚེ་རིང་ཐུང་མི་འདྲ་བ་གསུམ་འབྱུང་བའི་བརྡ་དང༌། དེ་ནས་གདན་སའི་གཟིམ་ཆུང་དུ་ཕེབས་དགོངས་མནལ་ལམ་དུ། ཡབ་རྗེ་རཏྣའི་མཚན་ཅན་ཉིད་བཞུགས་ཁྲི་ཤིན་ཏུ་མཐོ་བར་སློབ་དཔོན་ཟ་ཧོར་མའི་ཆས་ཅན་སྐུ་མདུན་ན་ཉི་ཟླ་ཡོད་པ་ཤིན་ཏུ་གཟི་བརྗིད་ཅན་དང་མཇལ་བས་མཎྜལ་གྱི་སྟེང་དུ་ནོར་བུ་གསུམ་བཅས་འབུལ་གནང་དང༌། སྐུ་ལུས་ལས་རྣག་ཁྲག་སོགས་བྱུང་བའི་མོད་ནས་བརྩེ་ཆེན་ལྷ་ཁང་གི་སྒོ་འགག་ན་གྲྭ་པ་གཟུགས་ཐམས་ཅད་མིག་གིས་གང་བ་ཞིག་ནས་གཞན་མ་ཡག་པོ་ཡོད་སྟེ་དགའ་ལྡན་པའི་དམ་སྲི་ལ་བཅོས་ཀ་གྱིས་ཟེར་བ་ཞིག་འཁྲུངས་ཤིང༌། བསམ་ཡས་ཆོས་སྐྱོང་དང་ར་བ་སྨད་ཆོས་སྐྱོང་གཉིས་ཀྱི་ལུང་ལས། ཡུལ་དབུས་སུ། མཆོད་རྟེན་ཁང་བུ་བརྩེགས་པ་དང་ཇོ་དར་འཛུགས་དགོས་ཀྱི་བཀའ་ལུང་བཞིན་གོང་དཀར་གྲུབ་དབང་བློ་གྲོས་དབང་ཕྱུག་གིས་ས་དཔྱད་གཟིགས་པས། སྒྲོལ་མ་ལྷ་ཁང་དང་ཇོ་མོ་ཐགས་ར་གཉིས་ཡུལ་དབུས་སུ་ངོས་འཛིན་གྱིས་མཆོད་རྟེན་སྒྲོལ་མ་གཡུ་མཁར་མོའི་གཙུག་ལག་ཁང་གི་རྒྱབ་དང༌། ཇོ་དར་ཇོ་མོ་ཐགས་རར་བཙུགས་དུས་དར་ཤིང་ལས་ཡལ་ག་ཁྲུ་གང་ཙམ་གསུམ་སྐྱེས་སྐད་དང༌། ཡང་ས་སྤྲེའུ་དབོ་ཟླའི་ནང་མནལ་ལམ་དུ་སྐྱེད་ལྷས་མགོན་ཁང་ཡིན་སྙམ་པ་ཞིག་ན་ཤིང་ལེབ་ལ་བྲམ་གཟུགས་བླ་བརྒྱུད་ཀྱི་མཚན་ཞལ་གྱི་སྔགས་བཅས་འདུག་པ་དེ་སྐུ་སྲུང་དུ་བཅངས་