R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༣
[A:༣༥༣]རྒྱུན། །དུས་གསུམ་མཆོད་པའི་རྟེན་གྱི་བླ་བྲང་གདུང༌། །རྒྱལ་བསྟན་བདག་པོར་ལྷུན་གྲུབ་རྒྱུན་མི་ཆད། །དགེ་ལེགས་དཔལ་གྱི་ཕྲིན་ལས་བླ་ན་མཐོ། །ཞེས་ཀྱང་སྨྲས་སོ། །༈གསུམ་པ་གདུང་རབས་དེ་རྣམས་ཀྱི་ནང་ནས་སྐབས་སུ་བབས་པ། གང་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་སྐུ་ཇི་ལྟར་བལྟམས་པའི་ཚུལ་ནི། རྒྱུད་བླ་མ་ལས། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང༌། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང༌། །འཆི་དང་ན་དང་རྒ་བ་སྟོན། །ཞེས་གསུངས་པ་བཞིན་རྟེན་རྒྱལ་བ་བསྐྱེད་པའི་ཡུམ་མཆོག་དམ་པ་བསོད་ནམས་དཔལ་གྱི་དབང་མོ་དེ་ཉིད་ལ། བརྟེན་པ་འཇམ་མགོན་སྲིད་ཞིའི་དཔའ་བོ་གང་འདུལ་སྒྱུ་མའི་རོལ་རྩེད་མཁན་དེ་ལྷུམས་ཞུགས་སྔ་རོལ་དང་བཅས་པའི་ལྟས་བཟང་ངོ་མཚར་ཅན་མང་པོ་འཁྲུངས་པ་དང༌། དགེ་མཚན་མངོན་པར་གསལ་བའི་ངང་ནས་གཟུགས་སྐུ་འདོད་འབྱུང་དབང་གི་རྒྱལ་པོ་འཛམ་གླིང་བསྟན་འགྲོའི་དཔལ་མགོན་དུ་བཞེངས་པའི་ཚུལ་ནི་འདི་ལྟ་ལགས། ཆུ་ཡོས་ཆུ་སྟོད་ཚེས་ལྔའི་ཐོ་རེངས་ཡུམ་གྱི་མནལ་ལྟས་སུ་ས་སྐྱ་ནས་མགྲོན་གཉེར་ཀུན་བཟང་དབང་པོ་ཡིན་ཟེར་བའི་རྒྱ་ལུ་ཆས་ལ་དར་དམར་ཐོད་ཅན་ཞིག་ནས་ཁྱེད་གདན་སར་ཡོང་དགོས་ཟེར་བར་ཅི་ཡིན་གསུངས་པས། རིགས་གསུམ་ལྷ་ཁང་གི་སྐུ་གཉེར་བྱེད་དགོས་ཡིན་འདུག་ཟེར། ཁོ་མོས་མཆོད་བཤམས་ཡང་མི་ཤེས་པས་དགོངས་ཞུ་མཛོད་གསུང་བར་དེ་འདྲ་མ་ཟེར་སྔོན་ནས་བསྐོས་པ་ཡིན་པས། དགོངས་པ་ཞུ་རེ་མེད་ཟེར་ནས་ཕྱག་མདུད་དམར་ལྗང་དཀར་གསུམ་ཕུལ་ཞིང༌། གཙུག་ལག་ཁང་དེ་གང་ན་ཡོད་གསུངས་པས་སྒྲོལ་མའི་གཙུག་ལག་ཁང་གི་སྟེང་ན་ཡོད་ཟེར་བ་འཁྲུངས་པའི་སང་དེ་གཉེར་ཚང་བ་རྣམ་སྲས་ནས་འགྲོ་མགོན་ཡབ་ཡུམ་ལ་སྲས་མོ་ས་སྐྱར་འབྱོན་དགོས་ཚུལ་ཞུས། དེ་ནས་འབྱོན་གྲབས་སྐབས་མནལ་ལམ་དུ། ཇོ་བོ་སྐུ་རྒྱབ་ཟེར་བའི་རི་འགྲམ་ཤེར་གླིང་ཟམ་པའི་ཐད་