R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༥
[A:༣༥༥]པ་དང༌། ཡང་ལོ་དེའི་ས་ག་ཟླ་ནང་གཟུངས་གྲ་ལྔ་ཐུགས་ལས་བཏོན་པ་ཚར་གཉིས་འཁྲུངས་པ་ནི། རྗེ་རྡོ་རྗེ་འཆང་ཉིད་ཀྱིས་འདིའི་རིག་གཏད་གསན་པ་ནས་བཟུང་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་སྲིད་མཐའི་བར་དུ་ཆད་མེད་མྱུར་བྱོན་སྐུ་རིམ་ལ་ཆེད་དུ་དགོངས་ནས། གྲ་ལྔའི་སྒྲུབ་མཆོད་ཕྱེ་ཉིས་བརྒྱ་བརྒལ་ཙམ་བཀའ་དྲིན་བསྐྱངས་ཏེ་གཙོ་མོ་ལྔའི་སྒོམ་བཟླས་ཆག་མེད་རྒྱུན་རིང་མཛད་པ་དང༌། འདི་རྣམས་ཀྱི་ལུགས་སྐུ་ཁྲི་རྒྱབ་ཅན་གཙུག་ལག་ཁང་དང་བཅས་པ་དང་པར་སྐུ་གྲངས་མང་རྣམས་གེགས་མེད་མཐར་ཕྱིན་བསྐྲུན་པར་མཛད་རྒྱུའི་མནལ་ལྟས་ཤིན་ཏུ་གསལ་བ་སོ་སྐྱེའི་སྤྱོད་ཡུལ་ལས་འདས་པ་འདི་ལྟ་བུ་ནི་རྗེས་སུ་ཡི་རང་གི་ཐལ་མོ་སྤྱི་བོར་བཅའ་བའི་འོས་སོ། །ཡང་སྐབས་ཤིག་ཡབ་རྗེ་རཏྣའི་མཚན་ཅན་གྱིས་ཕུན་ཚོགས་གླིང་དུ་ལྷ་བསངས་གནང་བའི་མཆོད་དཔོན་ཡུམ་ཉིད་ཀྱིས་མཛད་ནས་ཆོས་དུང་རིན་པོ་ཆེ་དཀར་པོ་རྒྱང་གྲགས་གསུང་བསྐུལ་དང་ཆབས་གཅིག་ཆོས་དུང་ནང་ནས་འཕེལ་གདུང་མང་དུ་བྱོན་པ་ཡུམ་རང་གིས་བཞེས་ཤིང་ལྷག་མ་ཚགས་མཛད་པ་སོགས་འཁྲུངས། ཡང་གོང་དཀར་གྲུབ་དབང་དེ་ཉིད་ལ་སོ་འབྲང་གི་རྗེས་གནང་གསན་ནས་ཞག་བདུན་རིང་བཅད་བརྒྱའི་ཐོག་ནས་དེའི་སྒོམ་བཟླས་མཛད་པའི་མནལ་ལམ་དུ། བུད་མེད་པད་མ་ཆོས་དཔལ་གྱིས་འབྲས་སྙེ་གསུམ་དང་ཨ་རུ་ར་རྣམ་རྒྱལ་ཡིན་ཟེར་བའི་ཨ་རུ་ལག་མགོ་ཙམ་ཞིག་ཕུལ་ནས་འབྲས་སྙེའི་འཕྲོས་མང་མཁར་མུ་གུ་ལུང་ནས་ཡོད་ཟེར། དེ་དང་དུས་མཚུངས་གཟིམ་དཔོན་བསོད་ནམས་མང་མཁར་ཆུ་ཞོར་ལ་མུ་གུ་ལུང་མཇལ་བས་དེ་ནས་གྲོ་སྙེ་རྩ་བ་གཅིག་ལ་སྙེ་བོན་གསུམ་རེ་ཡོད་པ་སྤར་ལྕག་གང་ཙམ་ཕུལ་བ་འདི་དག་ལ། ཕྱིས་སུ་རྗེ་རྡོ་རྗེ་འཆང་གི་གསུང་ལས། གནས་གསར་རྡོ་རྗེ་འཆང་ལས་གསུང་ངག་ཟབ་མོ་སློབ་བཤད་ཡོངས་རྫོགས་ཐོབ་པ་དང་མྱོང་འགྱུར་གྱི་ལྟས་ཤིག་ཡིན་འདྲ་གསུངས། ཡང་ཆུ་སྟོད་ཚེས་བཅུའི་མནལ་ལྟས་སུ་ཡུམ་མཆོག་ཉིད་ཕྱི་སྐོར་ལ་ཕེབས་པས་ཀུན་མཁྱེན་སྒྲུབ་ཆུའི་གྲོག་ནང་ན་ཆུ་