R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༦
[A:༣༥༦]དཀར་ཞིང་དྭངས་པའི་ཁྲོད་ནས་སྨྱུག་མ་ལག་ངར་ཙམ་ཞིག་རྙེད་པའི་ནང་ཐམས་ཅད་ཧཱུཾ་དཀར་པོས་ཁེངས་པ་དང༌། ཡང་ཟླ་བ་དེ་ནང་ཀོ་ལྕག་ཡིན་སྙམ་པའི་བྲག་རི་མཐོ་ཞིང་སྐྱ་ཆོད་དེ་བ་ཞིག་གི་དཀྱིལ་ནས་འཁོར་ལོ་བདེ་མཆོག་ཞལ་སྦྱོར་རྡོ་ལ་རང་བྱོན་འཁྲུངས་པ་ཞིག་དང༌། བྲག་སེང་ནས་གཡུའི་རྡོ་རྗེ་རྒྱ་གྲམ་དར་ཚོན་ལ་གྲིལ་བ་ཞིག་རྙེད་པ་དང༌། ཡང་གྲོ་བཞིན་ཚེས་གསུམ་ལ་ནམ་མཁའ་ནས་ཡི་གེ་ཨཱཿཁ་བ་བབས་པ་ལྟར་བྱུང་ནས་སུམ་མཆོག་ཉིད་ཀྱི་ཕྱག་གིས་བཟུང་ཞལ་དུ་གསོལ་བ་སོགས་དང༌། དེ་ལོ་ལྷ་ཁང་ཆེན་མོའི་འོབས་ནང་རྣམས་དང་ལྷག་པར་རིག་འཛིན་ཕོ་བྲང་གི་མདུན་དུ་འཇམ་དབྱངས་མེ་ཏོག་ཐོན་ཆེ་བ་ཀུན་གྱི་མིག་ལམ་དུ་སྣང་བ་དང༌། མི་རྣམས་ཀྱིའང་ད་ལོ་སྐུ་གདུང་ཞིག་བྱོན་ཡོད་འདྲ་གླེང་བ་སོགས་བྱུང་ཞིང༌། ཡང་སྐབས་ཤིག་ལྷ་ཁང་རྩེའི་ག་ཡ་དྷ་རའི་བུམ་ཆུའི་དྲུང་ན་བྱོན་མུར་བླ་མ་མཆོད་དཔོན་ཡིན་སྙམ་པ་ཞིག་ནས་བུམ་ཆུ་འདིའི་བདག་པོ་ལྷ་མོ་རིག་བྱེད་མ་ཡིན་གསུང་མུར་བུད་མེད་དམར་མོ་ཞིག་གིས་ཆུ་ཞིག་ཞུས་པ་དང༌། ཡང་བུད་མེད་ཅིག་གིས་ཨ་མ་དགྲ་ལྷ་མའི་ཡིན་ཟེར་བའི་རིལ་དཀར་ཐུམ་དང་ཤེལ་གྱི་མཆོད་རྟེན་རྒྱ་ཕིབས་ཅན་གྱི་ནང་ཤེལ་གྱི་བུམ་པར་རིགས་ལྔའི་བུམ་ཆུ་ཡིན་ཟེར་ནས་ཕུལ་བར་ཤར་བ་ལ་ཡང༌། རྗེ་རྡོ་རྗེ་འཆང་གི་གསུང་ལས་ཁོ་བོ་རིག་བྱེད་མའི་ཆོས་སྐོར་ལ་བྱང་ཆུབ་པ་དང་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་ཆོག་གྲངས་མང་བྱེད་ཅིང་གདུང་སྐུ་མཆེད་སོགས་ལ་འདིའི་དབང་མང་པོ་འབུལ་ཐུབ་པ་འདིར་རྟགས་པ་འདྲ་ཞེས་གསུངས། སྐབས་ཤིག་སྟག་མཚེར་མའི་གངས་རྩེར་ཕེབས་ནས་གུར་དཀར་ནང་ཁྲི་མཐོན་པོ་ཞིག་གི་འགྲམ་བུད་མེད་མང་པོ་མཆིས་པར། ཁྲི་འདིར་སུ་བཞུགས་གསུངས་པས་འདིར་བཞུགས་མཁན་ཕྱི་ལོ་ཡོང་ཟེར་ནས་བཟའ་བཏུང་མང་པོ་ཞུས་པ་དང༌། གངས་རྩེར་དར་ཅོག་བཙུགས་པའི་མནལ་ལྟས་ཤར་ཞིང་འདི་དང་ཚུལ་མཚུངས་པར་ས་ཡོས་ལོ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་འོད་གསལ་དུ་སྟག་འཚེར་གངས་རྩེར་ཕེབས་འདུག་པ་ལ་སྤང་གཤོངས་ལྷ་སར་འདྲ་མོ་ཞིག་ན་སྐྱེས་བུད་མེད་མང་པོ་