R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༨
[A:༣༥༨] ཡང་ཡབ་རྗེ་གྲུབ་དབང་ནས་རྒྱལ་ཟླའི་ནང་བཙུན་མོའི་སྟེང་དུ་རུ་མཚོན་འཛུགས་ཆོག་སྐབས་འབྲས་ཆང་དགོས་ཕེབས་པར་སྔར་བཟོ་མྱོང་མེད་ཀྱང་ཁྲུང་དཔོན་ཕུར་པས་ཐེ་ཚོམ་གྱི་ཁྱོགས་ལ་འཆང་བཞིན་དུ་བཙོས་པ་གནང་དུས་དེར་ནས་ཆང་ཤིན་ཏུ་ལེགས་པ་བས་བལྡབས་འགྱུར་གྱི་རོ་དྲོ་བ་བྱུང་བ་དང༌། ཡང་ཡུམ་མཆོག་ཉིད་ལ་བུད་མེད་པདྨ་ཆོས་དབང་ཡིན་སྙམ་པའི་བཙུན་མ་རལ་ཅན་རས་སྔོན་གྱོན་པ་ཞིག་ནས། གནམ་ཁའུ་པའི་བུམ་ཆུར་ཡིན་ཟེར་བུམ་པ་ལེགས་པ་ཞིག་ནས་ཆུ་སེར་པོ་ཤིན་ཏུ་དྭངས་པ་དམ་རྫས་ཀྱི་རོ་བྲོ་བ་ཞིག་ནས་མཆོད་ཅིང་སྐུ་ལུས་བཀྲུས་པ་དང༌། ཡང་ཟླ་བ་དེ་ནང་ཞུ་ལུ་རྒྱན་གོང་མགོན་ཁང་ན་བྱོན་འདུག་པར་བུད་མེད་ཅིག་གིས་གྲོ་སྡེར་གང་གི་ནང་དུང་ཆུང་གཅིག །བ་སོའི་ཕྲེང་བ་དྲིལ་བུ་གཡེར་ཁས་བརྒྱན་པ། རུས་པའི་རྒྱན་དྲུག་ཆ་ཚང་བཅས་ཕུལ་ནས་ལྟེ་བསྒྱུར་ཡོང་བས་གཉེར་གྱིས་ཟེར་བ་འཁྲུངས་པས་རྟེན་འབྲེལ་ཁྱད་ཞ་ལུ་སྐུ་ཞང་ལ་ལྟེ་བསྒྱུར་འཁོར་ལོ་ཞུ་གནང་དང༌། ས་བྱ་དབོ་ཟླའི་ནང་ཡབ་རྗེ་རྡོ་རྗེ་འཆང་བསོད་ནམས་རིན་ཆེན་གྱིས་གཞི་ཐོག་གཟིམ་ཤར་མགོན་ཁང་དུ་ཆོས་སྐྱོང་གཙོ་བསྡུས་ལ་ཡུམ་གྱི་སྐུ་འཁྲིལ་སྐུ་གདུང་གེགས་མེད་ཕེབས་ཐུབ་པའི་ཕྲིན་འཆོལ་བཀའ་དྲིན་ཆེ་སྐབས། རྡོ་རྗེ་རབ་བརྟན་མའི་ཐང་སྐུའི་ནུ་མ་གཡས་ནས་འོ་མ་བྱོན་འདུག་པས་མནལ་ལམ་དང་རྟགས་དེ་རྣམས་ལ་རྗེ་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། ཁོ་བོ་ལ་ཞ་ལུའི་བག་ཆགས་སད་རྒྱུ་འདུག་པ་བཞིན་དེར་བཞུགས། སྒྲུབ་དཀྱིལ་འགྲན་མེད་དཔེ་ཧྲུལ་སུས་ཀྱང་ཉམས་གསོ་མ་ཐུབ་པ་རྣམས་སྡེ་དགེར་པར་གྱི་མགོ་འདྲེན་ཞུས་པ་བཞིན་རིང་མོ་ཞིག་ནས་ཚང་འགྲིག་ཏུ་ཞ་ལུར་ཕུལ་བ་དང༌། དགོན་གནས་ཁྱད་པར་ཅན་དེ་ན་གསོ་སྦྱོང་སོགས་འདུལ་བའི་ནམ་གཞག་ལ་འདུ་སྐབས་ཆོས་ཀྱི་གཎྜི་ཚད་ལྡན་མི་འདུག་པས་ན་གཎྜི་ཚད་ལྡན་ཡང་ཕུལ་ཞིང༌། ཕན་འགྱུར་སྙན་སྒྲོན་ཡང་ཡང་ཞུ་བ་སོགས་ཕུལ་བྱུང་གི་བྱེད་པ་འདི་ལ་བརྟགས་པ་འདྲ། ཞེས་བཀའ་སྩལ་སྐབས་ཤིག་ཡུམ་མཆོག་ནས་གྲུབ་རྒྱལ་ཚེ་སྒྲུབ་ཞག་བདུན་མཛད་དུས་སྤྱན་ལྟས་སུ། འཇའ་འོད་ཀྱི་དཀྱིལ་ནས་ཤེལ་གྱི་མཆོད་རྟེན་ཁྲུ་