R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༩
[A:༣༥༩]གང་བ་ཞིག་གི་བུམ་དཀྱིལ་ན་འཇམ་དབྱངས་དམར་སེར་ཤིན་ཏུ་འོད་ཟེར་འཕྲོ་བ་ཞིག་གཟིགས་པའི་མོད་བུད་མེད་ཅིག་ནས་སྒྲོལ་མ་ལ་གསོལ་བ་བཏབ་ན་འདི་ཡོད་ཟེར་བ་བཞིན་དུ་སྒྲོལ་མ་འབུམ་ཐེར་སྩལ་བ་དང༌། སྒྲོལ་མ་ལྷ་ཁང་དང་དབུ་རྩེར་སྒྲོལ་འདོན་དང་ཚེ་ཆོག་འཛུགས་གནང་སྐབས་ཚེ་གཏོར་གྱི་དཀྱིལ་དུ་ལྗང་པ་མཐོ་གང་ཙམ་སྐྱེས་ཤིང༌། མཆོད་མེ་ཡང་ཉིན་ཞག་དུ་མ་ཐུབ་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པ་དང༌། སྒྲུབ་ཆེན་ཇོ་མོ་བ་རྣམས་ལ་ཚེས་བཅུ་བརྒྱ་ཚར་གནང་བས་བསྟན་འཛིན་ཀློང་ཡངས་ཟེར་བའི་མནལ་ལྟས་སུ། བུད་མེད་མང་པོ་ཞིག་གིས་དངུལ་གྱི་མཆོད་རྟེན་འོད་ཟེར་ཤིན་ཏུ་ཆེ་བ་ཞིག་འཇའ་སྤྲིན་གྱི་དཀྱིལ་དུ་ཁྱེར་སོང་བ་གང་དུ་ཕྱིན་འགྲོ་སྙམ་པའི་མུར་བཙུན་མོའི་ཐོག་ཁར་བབས་པ་རྨིས་པ་དང༌། གཞན་ཡང་བཙུན་མོའི་རྩ་བར་ཁྱི་རྣམས་ཀྱི་ཕྲུག་གུ་སྐྱེ་ཚང་འཆའ་བ་དང༌། བྱི་བླ་འཁྱམས་པོ་ཞིག་གི་ཕྲུག་ཏུ་སྒམ་ཁྲིའི་འོག་ཏུ་སྐྱེས་པ་གཉིས་ནག་པོ་གཅིག །དཀར་པོ་སྟག་རིས་ཅན་དུ་བྱུང་བ་དང༌། བུ་རྫི་མའི་རྟེན་རྫས་མ་མོ་ནག་མོ་ཞིག་སྨོན་བདེར་མཆིས་པར་ཕོ་ལུག་དཀར་པོ་སྐྱི་དཀར་ཅན་སོགས་བཙས་པ་དང༌། རྫོང་སྐོར་བའི་བུས་པ་རྣམས་བཙུན་མོའི་གདོང་དུ་ཉིན་རེ་བཞིན་ཚོགས་ཏེ་གཞས་བྱེད་པ་སོགས་ནང་གི་ངོ་མཚར་ཕྱི་རོལ་དུ་གསལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་མ་བཅོས་ལྷུན་གྲུབ་ཏུ་བྱུང་བ་དང༌། ས་བྱ་ནག་ཟླ་སྔོན་མའི་ཚེས་བཅུ་མཆོད་པ་མཛད་དུས་ཚོགས་ཆང་ལུད། དཔལ་གཏོར་དངོས་གྲུབ་ཚུལ་དུ་དེ་སྐོར་ནས་མྱངས་བས་བུ་རམ་གྱི་རོ་འདྲ་བ་བྱུང་གསུངས་པ་ནི་དེ་དུས་མ་ཟད་ཕྱིས་སུའང་རྒྱལ་ཡུམ་དེ་ཉིད་ནས་ཚེས་བཅུ་གནང་བའི་གཏོར་མ་ཁ་ཤས་ལ་རོ་དེ་བཞིན་དང༌། ཚོགས་ཆང་ལུད་པ་ལན་ཅིག་ཙམ་བྱུང་ཞེས་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་བཀའ་སྩལ་ཞིང༌། དེའི་ནམ་ཕྱེད་ཙམ་ནས་འཁྲུངས་རན་གྲབས་ཀྱི་མནལ་ལྟས་སུ། མི་ཕོ་མོ་སྣ་ཚོགས་གཟབས་འཆོར་གྱིས་ས་སྐྱའི་ཕྱི་སྐོར་ལ་འགྲོ་ཞིང་བཛྲ་གུ་རུ། རིགས་གསུམ་མགོན་པོའི་གཟུངས་རྣམས་གདངས་དང་བཅས་བྱེད་མུར་རྒྱལ་ཡུམ་ཉིད་གཟིམ་ཡོད་སྙམ་པ་ལས་པདྨ་ཆོས་དཔལ་གྱིས་ཕྱག་ནས་