R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༢
[A:༣༦༢]ཡེ་མི་མངའ་བ་ཁོང་ཡངས་ཤིང་དཀྱིལ་ཆེ་བ་ཞིག་སྟེ། འཁྲུངས་འཕྲལ་ལྗགས་སྟེང་དུ་དྲི་བཟང་གི་ཕྱེ་མས་དྷཱིཿཔར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིན་དཀྱིལ་ལྟར་འདེབས་པར་མཛད་དེ་མི་འབྲལ་བའི་སྐུ་བསྲུང་དང་སྐུ་ཁྲུས་གཏང་རག་འབུལ་བ་སོགས་གང་ཅིའི་མཚམས་ཡབ་རྗེ་རཏྣའི་མཚན་ཅན་ཉིད་ཀྱིས་བཀའ་དྲིན་བསྐྱངས། གཞོན་ནུར་གྱུར་པ་དེ་ཉིད་ཉིན་མཚན་ཕལ་ཆེར་འོད་གསལ་གྱི་ངང་དུ་མཉམ་གཞག་ཁོ་ནས་དུས་འདའ་བར་མཛད་ཅིང་ཕྱག་ཞབས་བརྐྱང་བསྐུམ་ཙམ་ཡང་ཆེར་མི་གནང་བས། སྐུ་ཤའི་ཧྲག་རྣམས་ལ་རུལ་གཡའ་ཟུག་པ་སོགས་ཀྱི་སྐབས་ཡུམ་མཆོག་སྐུ་འཁོར་སོགས་ཚང་མ་འདི་འདྲ་ནི་རྡོ་རྗེ་འཆང་གི་བཞུགས་སྟངས་རང་ཡིན་འདུག །ཅེས་གླེང་བར་མཛད། སྐབས་འགའ་ཆབ་ཞོ་བཞེས་མུར་ཞལ་གྱི་སྒོར་སྐྱ་ཉོག་གེ་འཁྱིལ་བའང་ཐུགས་དྲན་གསལ་བ་དང༌། སྐུ་དེ་ནི་ཤིན་ཏུ་ཞལ་ལོར་འདུ་བ་ཞིག་སྣང་བས་སྲས་རྫི་རྒན་མོ་བཀྲ་ཤིས་རབ་མཛེས་ཟེར་བ་དེས། བླ་མ་འདིས་བདག་སྐྱིད་དུ་བཅུག་ཅེས་ཡང་ཡང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། མཛོད་པ་བཀའ་བཞི་པས། ཞབས་བརྟན་བདེན་ཚིག་ལ་སྔ་བ་ངག་ལ་དབང་བསྒྱུར་མ་སྩལ་བའང་སྤྱིར་ཚིག་སྒྲ་ལེགས་ཤིང་ཁྱད་པར་ཐུགས་ཀྱི་བཞེད་དོན་འགྱུར་མེད་ཞབས་བརྟན་ཤོག་གསུང་བ་འདི། ཕྱིས་སུའང་རྗེ་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། འདི་ངེད་རང་ལ་གཞན་ལས་རྟེན་འབྲེལ་དགེ་བ་ཡིན་འདུག་ཅེས་གསུང་བར་མཛད། ཡབ་རྗེ་རྡོ་རྗེ་འཆང་བསོད་ནམས་རིན་ཆེན་གྱི་ཞལ་སྔ་ནས་ཚེ་དབང་བྱབས་ཁྲུས་སོགས་ཡང་ཡང་སྩལ་བ་དང༌། མཚན་ཡང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་བློ་གྲོས་ཞེས་མངའ་གསོལ་སྩལ་བས། མི་རྣམས་མཚན་འདི་ལ་དཔགས་ནས་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་རྣམ་སྤྲུལ་དུ་གླེང་ཡབ་རྗེ་རྡོ་རྗེ་འཆང་གིས་ཞལ་བཞེས་རང་ནི་མ་མཛད་འདྲ། འོན་ཀྱང་མིན་པའང་མ་གྲུབ་ལ། ཡབ་རྗེ་མཆོག་ནས་སྨིན་བྱེད་ཀྱི་དབང་གི་ཐོག་མ་དཔལ་གསང་བ་འདུས་པ་འཕགས་ལུགས་རས་དཀྱིལ་གྱི་སྟེང་ནས་བཀའ་དྲིན་ཆེ་བ་དང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་དུས་