R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༣
[A:༣༦༣]བཙུན་མོའི་རབ་གསལ་གྱི་བྱ་གདང་ཁར་བྱ་རོག་ཅིག་བབས་ནས་སྐད་སྙན་སྒྲོགས་ཤིང་རྗེས་གནང་ཞུ་མི་རྣམས་ལ་ལྟ་བའང་ཐུགས་ལ་ཤིན་ཏུ་གསལ་བ་དང༌། བརྡལ་ཆུར་ཡབ་རྗེ་ཉིད་ཆབ་ཞུགས་ཤིག་གི་སྐབས་པུ་ཏྲས་བསྐུར་བྱུང་གསུང་བའི་རྡོ་གྲི་ཀ་ཏོའི་དབྱིབས་ཅན་ལོགས་ལ་ལས་མཁན་གྱི་བླ་རྡོ་ཕ་ཝང་ལོང་བུ་ཁ་ཤས་འབྱར་བ་ཞིག་རྗེ་རྡོ་རྗེ་འཆང་ཉིད་ལ་སྩལ་བ་ཕྱིས་སུ་ནང་སོ་ཉམས་གསོའི་དུས་པུ་ཏྲའི་གཟུངས་ལ་ཕུལ་བར་གྲགས། གཞན་ཡང་འཁྲུངས་ལོ་དེར་ཐུགས་དྲན་གསལ་བའི་རྣམ་ཐར་ངོ་མཚར་ཅན་འདི་ལྟ་བྱུང་སྟེ། སྐབས་ཤིག་བཙུན་མོའི་ཐབ་ཚང་སྒོ་འགག་བྱང་དེ་ནས་ཤར་གཟིགས་ལ་བླ་མ་རབ་བྱུང་བ་བགྲེས་པོ་ཞིག་གིས་དབང་གནང་བའི་དྲིལ་ལྕེ་ལ་ཕྱག་གིས་འཐམ་པ་ཞིག་ཐུགས་དྲན་གསལ་བ། ཕྱིས་སུ་གཞན་དག་ལ་བཀའ་འདྲི་གནང་བས་གོང་དཀར་གྲུབ་དབང་དེ་ཉིད་ཡིན་པར་གླེང་བ་དང༌། ཡང་བཙུན་མོའི་སྟེང་གི་གཡབ་གོག་ཉམས་ཅན་དེའི་ལོགས་བྲིས་ལ་ལྷ་སྐུ་མདོག་ཁྲོ་བོ་ཞིག་གཟིགས་པའང་ཕྱིས་སུ་ཁྱུང་ཁྲ་ཡིན་པ་དང༌། དེ་དུས་ནུབ་ཕྱོགས་ལ་ཁེབས་ཤིག་ཡོད་པ་དེའི་སྲུབས་ནས་གཟིགས་པས་མི་གཟུགས་ཕྲ་རིད་ཁྱོམ་མེ་བ་ལྔ་ཙམ་གར་བྱེད་པ་གཟིགས་པ། དེ་སྐབས་གཡུལ་ཐང་ན་གུ་གེ་ཆོས་རྒྱལ་བཞུགས་དུས་ཏེ་འཁྲུངས་ལོ་ས་བྱའི་ལོ་རྒྱུས་རགས་ཙམ་དང།། །། ༈ དགུང་གྲངས་གཉིས་པ་ལྕགས་ཁྱི་ལོར་དགའ་སྟོན་གྱི་མདོས་ཆེན་གཟབས་སྤྲས་གནང་བའི་སྐོར་ཞིབ་གསལ་མ་མཆིས་ཤིང༌། འོན་ཀྱང༌། ཆོས་ཁྲི་ཐང་མོ་ཆེའི་མཐའ་སྐོར་ལྕགས་རི་ཤར་ནུབ་སྒོར་ཉིས་ཧྲལ་གཉིས་སོགས་འཕྲལ་ཕུག་བརླིང་མཛེས་ཀྱི་ཉམས་གསོ་བགྱིས་པ་དང༌། དུས་མདོས་གཟབས་མའི་འཆམས་ཆས་སྒྲོས་གཙང་འདི་རྣམས་ཐོག་མར་གྱོན་ནས་མཛད་དུས་དེ་ཉིད་ཡིན་འདུག་ཅིང༌། ཕུར་སྒྲུབ་སྐབས་ཤིག་རྗེ་རྡོ་རྗེ་འཆང་ཉིད་སྲས་རྫིའི་རྒྱབ་ལ་གདན་དྲངས་ཏེ་བཙུན་མོའི་ཐོག་སྟེང་བྱང་དེ་ན་མཆིས་དུས། ཐུགས་སྣང་ལ་ལྷ་སར་འདྲ་མོ་ཞིག་ན་ཀེང་རུས་འཆམས་བྱེད་པ་