R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༡
[A:༣༦༡]བར། །གཅིག་མིན་ཡང་ཡང་རྩེ་བའི་འབྱུང་འགྱུར་གྱི། །ཕན་བདེའི་ཉི་མ་འཇིག་རྟེན་ཀུན་གསལ་བའི། །དཀྱིལ་འཁོར་དབང་ཕྱོགས་ས་འཛིན་དོ་ཀེར་རྩེར། །ཉེས་བྲལ་བསྟན་འགྲོའི་དཔལ་དུ་ཨེ་མ་ཧོ། །ཞེས་ཀྱང་སྨྲས་སོ།། །། ༈ གསུམ་པ་འཁྲུངས་མ་ཐག་ནས་དགུང་གྲངས་བཅུ་གཅིག་ཡན་སྐུ་གཞོན་ནུའི་དུས་ཀྱི་ངོ་མཚར་མཛད་པའི་ཆ་རྣམས་ལོ་ཁམས་མ་འཁྲུལ་བར་གོ་རིམ་བཞིན་དུ་སྟོན་པ་ལ། ཐོག་མར་ལོ་མགོ་འཛིན་ཚུལ་ཡང་ལུགས་མང་དུ་འབྱུང་སྟེ། རགས་ཙམ་བརྗོད་ན། དཔལ་དུས་ཀྱི་འཁོར་ལོ་དང་མདོ་སྡེ་གསེར་འོད་དམ་པ་སོགས་ནས་ཡར་ངོ་སྔོན་འགྲོའི་ནག་ཟླ་ལུག་ཁྱིམ་དང༌། མཆིམས་སོགས་འདུལ་འཛིན་སྔོན་མ་རྣམས་ཁྲུམས་ཟླའི་ཚེས་བཅུ་དྲུག་ནས་དང༌། ཤཱཀྱ་ཤྲཱི་སོགས་འདུལ་འཛིན་ཁ་ཅིག་ཐ་སྐར་ཟླ་བའི་ཚེས་བཅུ་དྲུག་ནས་དང༌། འདུལ་འཛིན་ཕྱི་མ་རྣམས་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ནས་དང༌། ཁྱུང་དང་ཕུག་ལུགས་སོགས་ནག་རྩིས་པ་དང་འཇིག་རྟེན་ཡོངས་གྲགས་རྣམས་མགོ་ཟླའི་ཚེས་གཅིག་ནས་དང༌། བོད་རྒྱལ་པོའི་རྗེས་སུ་འབྲངས་པ་རྣམས་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་གསུངས་པ་དང་བསྟུན་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་དང་ནག་རྩིས་པ་ཁ་ཅིག་ཀྱང་དེ་བཞིན། ཧོར་ལུགས་དང་ནག་རྩིས་པ་ཁ་ཅིག་གསོ་དཔྱད་པ་རྣམས་རྟ་ཟླ་ནས་དང༌། མདོ་ལུགས་པ་ཁ་ཅིག་དབོ་ཟླ་ནས་ལོ་མགོ་འཛིན་པ་སོགས་རྣམ་གྲངས་མང་ཡང༌། རང་ལུགས་བོད་རྒྱལ་པོའི་རྗེས་སུ་འབྲངས་ཏེ་རྒྱལ་ཟླ་ནས་འཛིན་པའི་དབང་དུ་ཞུས་ནས། དེ་ལྟར་སྐྱེ་དགུའི་བསོད་ནམས་ཀྱི་བགོ་སྐལ་དུ་རྙེད་པའི་དགོས་འདོད་མ་ལུས་པ་འབད་མེད་དུ་འབྱུང་བའི་གཟུགས་སྐུ་འདོད་འབྱུང་དབང་གི་རྒྱལ་པོ་དེ་ཉིད་ནི། འཁྲུངས་མ་ཐག་ནས་སྐུ་ལྟ་བས་ཆོག་མི་ཤེས་པ་གཟི་བརྗིད་དང་དཔལ་མངོན་པར་འབར་ཞིང་སྐུ་བསྐྱེད་ཆེ་བ། རང་བཞིན་བཟང་བས་བྱིས་སྐད་འབྱིན་པ་སོགས་