R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༤
[A:༣༦༤]གཟིགས་པ་ནི་དུར་ཁྲོད་བདག་པོའི་འཆམས་མཛད་པ་དེ་དང༌། ཡང་འཆམས་སྐུ་ཡིན་དགོངས་པ་དེ་འདྲ་ལྷོ་གཟིགས་ལ་འབྱོན་པའི་གྱོན་མི་རྣམས་ཀྱིས་སྟག་ལྷྭམ་བསམ་ཡས་ཆོས་སྐྱོང་གི་ཞབས་འཆགས་འདྲ་བ་གྱོན་པ་དང༌། ཡང་གཟིམ་ཆུང་ལྷོའི་གློ་སྐར་དེ་ནས་གཟིགས་པས་འཁྲིས་ཀྱི་གྲོང་བ་དཔོན་ཏོ་པའི་མཐོངས་ཁུང་ལྷོ་དེར་གྲ་བ་མགོ་མེད་ཅིག་འགུལ་འགུལ་བྱེད་པའི་གཟིགས་སྣང་རྣམས་ཀྱང་ཐུགས་དྲན་གསལ་བ་སྟེ་དགུང་གྲངས་གཉིས་པའི་ལོ་རྒྱུས་དང༌།། །། ༈ དགུང་གྲངས་གསུམ་པ་ལྕགས་ཕག་ལོར་ཞབས་ཀྱིས་བཅགས་པ་ལས་གོག་པོ་འགོག་པ་སོགས་མི་མཛད་ཅིང༌། གསུང་འབྱོན་པའི་ཐོག་མ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་ཨ་ར་པ་ཙ་ན་དྷཱིཿཞེས་བོད་སྐད་དུ་འགྲོ་བ་སྨིན་པར་བྱེད་པའི་བློར་འགྱུར་བ་དེ་ཉིད་གསུངས་ཤིང༌། ཚུལ་འདི་ནི་སྔོན་དུས་མི་ཐུབ་ཟླ་བའི་རྣམ་སྤྲུལ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་འཁྲུངས་མ་ཐག །ཁོ་བོ་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ། །ཞེས་ལན་གཉིས་གསུམ་བསྟུད་མར་གསུངས་པ་དང་མཚུངས་པས། གཟུར་གནས་དམ་པ་རྣམས་རྣམ་ཐར་འདི་ཁོ་ནས་ཀྱང་ཐུགས་དད་དབང་མེད་དུ་འཁྲུངས་པར་འགྱུར་ལགས། དེ་སྐབས་ཡུམ་མཆོག་ལ་སྙུན་གཞི་ཐུ་མོ་ཞིག་བཞེས་དུས་དེའི་སྐུ་རིམ་མཛད་ཉམས་ཀྱིས། བཙུན་མོའི་ཐབ་ཚང་དེ་ཐེམ་པ་ཤིན་ཏུ་མཐོ་ཡང་དེ་ལ་བརྟེན་བཅས་ནས་སྐུ་སྟོད་ཕྱིར་རྨྱང་མཛད་དེ་ཐེམ་ཕྱིར་ཇ་ཤོག་སེར་པོ་ལིང་གའི་ཚུལ་བགྱིས། ཧཱུྃ་མཛད་ཕྱག་རྒྱ་བཅའ་བའི་སྟངས་ཀ་བྱང་ཆུབ་མཆོག་རྒྱ་འདྲ་བ་གནང་སྟེ། སངས་རྒྱས་ཀྱི་བཀའ་བདེན་པ་དང་ཞེས་སོགས་གསུང་མུར་དགུག་གཞུག་གི་རྣམ་པས་ཤོག་བུ་བཞེས་ཏེ་ཐབ་སྒོར་སྲེག་པར་མཛད་པས་ཡུམ་མཆོག་ཀྱང་མྱུར་དུ་སྙུན་ལས་གྲོལ་བ་སོགས་ངོ་མཚར་གྲུབ་པའི་མཚན་མར་གཞན་དྲིང་མི་འཇོག་པ་ནི་དེ་དུས་ནས་ཀ་མངའ་ཞིང༌། སྐུའི་ན་བཟའ་ཡང་དཀར་དམར་གཉིས་ལས་གཞན་མི་བཞེས་པ་ནི། སླད་ནས་རབ་བྱུང་དང་སྔགས་འཆང་གཉིས་ཆར་རིམ་པས་མཛད་དགོས་པའི་ལྐོག་